ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཐུན་མོང་གི་སློབ་སྦྱོང་ཐེངས་བཅུ་གཅིག་པར་འགོ་འཛིན་མཛད།
2018.12.15 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 35

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་ཚེས་བཅུ་གསུམ་ཉིན་གྱི་ཕྱི་དྲོར་རྒྱལ་ཁབ་ལྟ་ཞིབ་སྒྲིག་སྲོལ་གྱི་བཅོས་སྒྱུར་ཟབ་སྤེལ་བྱེད་པའི་ཐད་ནས་ཐུན་མོང་གི་སློབ་སྦྱོང་ཐེངས་བཅུ་གཅིག་པ་བསྡུས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སློབ་སྦྱོང་ལ་འགོ་འཛིན་མཛད་སྐབས་ནན་གྱིས་བསྟན་དོན། འགོ་རྩོམ་ས་གསར་པའི་སྟེང་ཏང་གི་སྒྲིག་ཁྲིམས་ཞིབ་བཤེར་སྒྲིག་སྲོལ་དང་རྒྱལ་ཁབ་ལྟ་ཞིབ་སྒྲིག་སྲོལ་གྱི་བཅོས་སྒྱུར་བསྟུད་མར་ཟབ་སྤེལ་བྱས་ཏེ། སྒྲིག་འཛིན་ཁྲིམས་འཛིན་མཉམ་འདྲེས་ལ་ཡར་སྐུལ་བྱེད་པ་དང་། ཁྲིམས་འཛིན་དང་ཕན་ནུས་ལྡན་པར་སྦྲེལ་མཐུད་བྱེད་པ། རུལ་སུངས་ངོ་རྒོལ་བྱ་བ་ཁྲིམས་སྐྱོང་ཅན་དང་ཚད་ལྡན་དུ་བཏང་ནས། དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་འཐུས་ཚང་དང་འཕེལ་རྒྱས་སུ་གཏོང་བ་དང་། ཏང་ཕྱོགས་ཡོངས་ནས་བཅོས་སྐྱོང་ནན་མོ་བྱེད་པར་ལམ་ལུགས་ཀྱི་འགན་སྲུང་གལ་ཆེན་འདོན་སྤྲོད་བྱེད་དགོས་ཟེར།

ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་ཁྲིམས་སྲོལ་ཁང་གི་ཀྲུའུ་རིན་མཱ་སིན་ཧྲུའུ་ཡིས་གནད་དོན་དེའི་ཐད་ནས་འགྲེལ་བཤད་བྱས་པར་མ་ཟད། བསམ་འཆར་དང་གྲོས་གཞི་བཏོན།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་བློ་མཐུན་རྣམ་པས་འགྲེལ་བཤད་ལ་ནན་གྱིས་ཉན་པར་མ་ཟད། འབྲེལ་ཡོད་གནད་དོན་ཐད་ནས་གྲོས་སྡུར་མཛད།

ཞི་ཅིན་ཕིང་གིས་བསྟན་དོན། རྒྱལ་ཁབ་ལྟ་ཞིབ་སྒྲིག་སྲོལ་གྱི་བཅོས་སྒྱུར་ནི་ཏང་གིས་རུལ་སུངས་ངོ་རྒོལ་བྱ་བའི་གཅིག་བསྡུས་གཅིག་གྱུར་གྱི་འགོ་ཁྲིད་ལ་ཤུགས་སྣོན་པར་ཕན་པ་དང་། སྤྱིའི་དབང་ཤུགས་ཀྱི་ལྟ་རྟོག་ཕྱོགས་ཡོངས་སུ་ཁེབས་པར་བྱེད་པར་ཕན་པ་ཡོད་ལ། རྩ་ལག་མཉམ་བཅོས་རྒྱུན་འཁྱོངས་བྱེད་པ་དང་རུལ་སུངས་ངོ་རྒོལ་འཐབ་རྩོད་ཀྱི་གྲུབ་འབྲས་སྲ་བརྟན་རྒྱ་བསྐྱེད་དུ་གཏོང་བར་ཕན་པ་ཡོད། ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཚུན་ལ། རྒྱལ་ཡོངས་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་སྒྲིག་སྲོལ་གསར་པའི་བཅོས་སྐྱོང་ཕན་ནུས་ལེགས་པར་བཏོན་ནས་ཞིབ་བཤེར་ཆད་གཅོད་བྱེད་ཤུགས་ཇེ་ཆེར་བཏང་བས། རུལ་སུངས་བྱེད་མི་ཕོད་པའི་ཟིལ་ཤུགས་ཕན་འབྲས་གསལ་པོར་མངོན་པ་དང་། རྩ་ལག་མཉམ་བཅོས་ཀྱི་ཕྱོགས་བསྡུས་ཕན་འབྲས་ཀྱང་འབུར་དུ་ཐོན་ཡོད། ང་ཚོས་འཐབ་ཇུས་ཀྱི་ངེས་ཤུགས་སྲུང་འཛིན་དང་བཅོས་སྒྱུར་བསྟུད་མར་ཟབ་སྤེལ་བྱས་ཏེ། རུལ་སུངས་བྱེད་མི་ཕོད་པའི་ཟིལ་ཤུགས་ཇེ་ཆེར་གཏོང་བ་དང་། རུལ་སུངས་བྱེད་མི་རུང་བའི་ཚད་བཀག་བརྟན་པོར་བཟོ་བ། རུལ་སུངས་བྱེད་མི་འདོད་པའི་རང་རྟོགས་ཇེ་དྲག་ཏུ་གཏོང་བ་བཅས་བྱེད་དགོས་ཟེར།

ཞི་ཅིན་ཕིང་གིས་བསྟན་དོན། རྒྱལ་ཁབ་ཀྱི་ལྟ་ཞིབ་དབང་ཆ་ཚད་ལྡན་དང་ཡང་དག་པར་ལག་བསྟར་བྱེད་དགོས། སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ཏང་དང་མི་དམངས་ཀྱི་མངགས་བཅོལ་ཕྲག་ཏུ་ཁུར་ཡོད་པས། ངེས་པར་དུ་ལྕགས་རྡུང་བར་ཐོ་བ་མཁྲེགས་དགོས་པའི་ཆབ་སྲིད་བླང་བྱ་སེམས་སུ་བརྟན་པོར་འཛིན་པ་དང་། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ། རང་རྟོན་བཞི་ཇེ་བརྟན་དུ་གཏོང་བ། དུས་ནམ་ཡང་རང་རྟོགས་ཀྱིས་བསམ་བློ་དང་ཆབ་སྲིད། བྱ་སྤྱོད་བཅས་ཀྱི་སྟེང་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་བྱེད་པ། རང་རྟོགས་ཀྱིས་ཏང་དང་མི་དམངས་ཀྱི་ལྟ་སྐུལ་དང་ལེན་བྱེད་པ། སྒྲིག་ཁྲིམས་ནན་མོར་སྲུང་བ་བཅས་བྱས་ཏེ། ཏང་ཀྲུང་དབྱང་སེམས་བདེ་བ་དང་མི་དམངས་མང་ཚོགས་ཡིད་ཚིམས་པའི་དཔེ་སྟོན་ལས་ཁུངས་ཧུར་ཐག་གིས་འཛུགས་སྐྲུན་བྱེད་དགོས། རྒྱ་ཆེའི་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་ལས་བྱེད་པས་རང་གཅུན་ནན་མོ་དང་ཚད་མཐའ་དམ་སྲུང་གིས་ཕུགས་བསམ་ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་། ཆབ་སྲིད་ནུས་ཤུགས་ཇེ་ཆེར་གཏོང་བ། ཆེད་ལས་ནུས་པ་ཇེ་དྲག་ཏུ་གཏོང་བ། རང་འགུལ་གྱིས་རྩ་འཛུགས་ཀྱི་ལྟ་རྟོག་དང་ལེན་བྱེད་པ། སྒྲིག་ཁྲིམས་བརྩི་བ་དང་རང་གཅུན་ནན་མོ་བྱེད་པའི་ཕྱོགས་ནས་མིག་དཔེ་སྟོན་པ་བཅས་བྱས་ཏེ། ཏང་དང་མི་དམངས་ལ་བློ་དཀར་བའི་སྲུང་དམག་བྱེད་དགོས་ཟེར།