ཞི་ཅིན་ཕིང་གིས་མགོ་འཛིན་མཛད་དེ་ཀྲུང་དབྱང་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ལྔ་བ་བསྡུས།
2019.08.27 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 85

ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི། ཀྲུང་དབྱང་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཞི་ཅིན་ཕིང་གིས་ཟླ་བརྒྱད་པའི་ཚེས་ཉེར་དྲུག་ཉིན་གྱི་ཕྱི་དྲོར་མགོ་འཛིན་མཛད་དེ་ཀྲུང་དབྱང་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ལྔ་བ་བསྡུས་ནས། ཁྱད་སྟོབས་གསབ་རེས་དང་སྤུས་ཚད་མཐོན་པོའི་འཕེལ་རྒྱས་ཀྱི་ཁུལ་ཁོངས་དཔལ་འབྱོར་གྱི་གནས་བབ་ཅིག་ཆགས་པར་བྱེད་པའི་གནད་དོན་དང་། ཐོན་ལས་རྨང་གཞིའི་ནུས་ཤུགས་དང་ཐོན་ལས་ཕྲེང་འབྲེལ་གྱི་ཆུ་ཚད་ཇེ་མཐོར་གཏོང་བའི་གནད་དོན་ལ་ཞིབ་འཇུག་བྱས། ཞི་ཅིན་ཕིང་གིས་ཚོགས་འདུའི་སྟེང་གསུང་བཤད་གལ་ཆེན་གནང་ནས། ས་ཁུལ་སོ་སོའི་ཆ་རྐྱེན་གཞིར་བཟུང་སྟེ། ལས་བགོས་ལུགས་མཐུན་དང་འཕེལ་རྒྱས་ལེགས་འགྱུར་གྱི་ལམ་དུ་སྐྱོད་པ་དང་། གཙོ་གཞིའི་ནུས་ཁུལ་གྱི་འཐབ་ཇུས་དོན་འཁྱོལ་བྱེད་པ། བར་སྟོང་བཅོས་སྐྱོང་འཐུས་ཚང་དུ་གཏོང་བ་བཅས་བྱས་ཏེ། ཁྱད་སྟོབས་གསབ་རེས་བྱེད་པ་དང་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་འགྲོ་བའི་ཁུལ་ཁོངས་དཔལ་འབྱོར་གྱི་གནས་བབ་ཅིག་ཆགས་པར་བྱེད་དགོས་ལ། སྟོབས་ཤུགས་གཅིག་བསྡུས་ཀྱིས་དོན་ཆེན་སྒྲུབ་པའི་ལམ་ལུགས་ཀྱི་ཁྱད་སྟོབས་དང་གཞི་ཁྱོན་ཆེས་ཆེ་བའི་ཁྲོམ་རའི་ཁྱད་སྟོབས་ལེགས་པར་བཏོན་ནས། ཐོན་ལས་རྨང་གཞི་མཐོ་རིམ་ཅན་དང་ཐོན་ལས་ཕྲེང་འབྲེལ་དེང་རབས་ཅན་གྱི་མཁྲེགས་གཏོར་འཐབ་འཛིང་བཟང་པོར་སྤེལ་དགོས་ཞེས་ནན་གྱིས་བསྟན།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི། ཀྲུང་དབྱང་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ལིས་ཁི་ཆང་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། ཀྲུང་དབྱང་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཝང་ཧུའུ་ཉིང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། ཀྲུང་དབྱང་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཧན་ཀྲིན་བཅས་གྲོས་ཚོགས་ལ་ཞུགས།

ཚོགས་འདུའི་སྟེང་རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་དང་རྒྱལ་ཁབ་སྡོམ་རྩིས་ཅུའུ། ཧྲང་ཧེ་གྲོང་ཁྱེར། ཀོང་ཏུང་ཞིང་། ལེའོ་ཉིང་ཞིང་ཆེན་བཅས་ཀྱི་ཁྱད་སྟོབས་གསབ་རེས་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཁུལ་ཁོངས་དཔལ་འབྱོར་གྱི་གནས་བབ་ཅིག་ཆགས་པར་བྱེད་པའི་གནད་དོན་སྐོར་གྱི་ཡར་ཞུ་ལ་ཉན་ཞིང་། རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་དང་། བཟོ་ལས་དང་ཆ་འཕྲིན་ཅན་པུའུ། རྒྱལ་སྲིད་སྤྱི་ཁྱབ་ཁང་རྒྱལ་དབང་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་། ཀྲུང་གོ་བཟོ་སྐྲུན་གླིང་བཅས་ཀྱི་ཐོན་ལས་ཀྱི་རྨང་གཞིའི་ནུས་ཤུགས་དང་ཐོན་ལས་ཕྲེང་འབྲེལ་གྱི་ཆུ་ཚད་ཇེ་མཐོར་གཏོང་བའི་གནད་དོན་སྐོར་གྱི་ཡར་ཞུ་ལ་ཉན།

ཚོགས་འདུའི་སྟེང་བསྟན་དོན། དེང་སྐབས་རང་རྒྱལ་གྱི་ཁུལ་ཁོངས་འཕེལ་རྒྱས་ཀྱི་གནས་བབ་བཟང་བ་དང་མཉམ་དུ། དཔལ་འབྱོར་འཕེལ་རྒྱས་ཀྱི་བར་སྟོང་གྲུབ་ཚུལ་ལ་འགྱུར་ལྡོག་ཆེན་པོ་འབྱུང་བཞིན་པས། ལྟེ་གནས་གྲོང་ཁྱེར་དང་གྲོང་ཁྱེར་ཚོགས་ནི་འཕེལ་རྒྱས་རྒྱུ་རྐྱེན་ཐེག་པའི་བར་སྟོང་གི་རྣམ་པ་གཙོ་བོར་གྱུར་ཡོད། གནས་བབ་གསར་པའི་འོག་ཁུལ་ཁོངས་མཐུན་སྦྱོར་འཕེལ་རྒྱས་ལ་ཡར་སྐུལ་བྱེད་ན། ཆེ་ཕྱོགས་དཔལ་འབྱོར་ཆོས་ཉིད་ལྟར་ཁུལ་ཁོངས་སྲིད་ཇུས་མ་ལག་འཐུས་ཚང་དུ་གཏོང་བ་དང་། ས་ཁུལ་སོ་སོའི་གཤིབ་སྡུར་ཁྱད་སྟོབས་འདོན་པ། རྒྱུ་རྐྱེན་སྣ་ཚོགས་ལུགས་མཐུན་གྱིས་འཁོར་སྐྱོད་དང་ཕན་ནུས་མཐོན་པོས་གཅིག་བསྡུས་བྱེད་པ། གསར་གཏོད་འཕེལ་རྒྱས་ཀྱི་སྒུལ་ཤུགས་ཇེ་ཆེར་གཏོང་བ། སྤུས་ཚད་མཐོན་པོའི་འཕེལ་རྒྱས་ཀྱི་སྒུལ་ཤུགས་མ་ལག་མྱུར་དུ་འཛུགས་པ། ལྟེ་གནས་གྲོང་ཁྱེར་དང་གྲོང་ཁྱེར་ཚོགས་སོགས་དཔལ་འབྱོར་འཕེལ་རྒྱས་ཀྱི་ཁྱད་སྟོབས་ཆེ་བའི་ཁུལ་ཁོངས་ཀྱི་དཔལ་འབྱོར་དང་མི་གྲངས་ཀྱི་ཐེག་ཤུགས་ཇེ་ཆེར་གཏོང་བ། ས་ཁུལ་གཞན་པའི་འབྲུ་རིགས་བདེ་འཇགས་དང་སྐྱེ་ཁམས་བདེ་འཇགས། མཐའ་མཚམས་བདེ་འཇགས་སོགས་ལ་འགན་སྲུང་བྱེད་པའི་ཕྱོགས་ཀྱི་ནུས་པ་ཇེ་ཆེར་གཏོང་བ་བཅས་བྱེད་དགོས་ལ། དམངས་ཚིས་ཚད་མཐར་འགན་སྲུང་བྱེད་པ་དང་། གཞི་རྩའི་སྤྱི་ཐུན་ཞབས་ཞུ་དོ་མཉམ་ཅན་དུ་བཏང་སྟེ། འཕེལ་རྒྱས་ཁྲོད་ནས་དོ་མཉམ་ཡོང་བར་བྱེད་དགོས།

ཚོགས་འདུའི་སྟེང་ནན་གྱིས་བསྟན་དོན། རྒྱལ་ཡོངས་སུ་གཅིག་གྱུར་གྱིས་སྒོ་འབྱེད་བྱེད་པ་དང་འགྲན་རྩོད་ལ་གོ་རིམ་ལྡན་པའི་ཚོང་རྫས་དང་རྒྱུ་ཆའི་ཁྲོམ་ར་ཆགས་པར་བྱེད་པ་དང་། ཁྲོམ་རར་ཐོན་ཁུངས་བཀོད་སྒྲིག་ཁྲོད་དུ་ཐག་གཅོད་རང་བཞིན་གྱི་ནུས་པ་ཐོན་དུ་བཅུག་ནས། ཁྲོམ་ར་གཞི་གཅིག་ཅན་གྱི་འཕེལ་རྒྱས་ཀྱི་རྐྱེན་སྲོལ་འཐུས་ཚང་དུ་འཛུགས་པ་དང་། ཁུལ་ཁོངས་མཉམ་ལས་ཀྱི་རྐྱེན་སྲོལ་ཟབ་སྤེལ་བྱེད་དགོས།

ཚོགས་འདུའི་སྟེང་བསྟན་དོན། སྟོབས་ཤུགས་གཅིག་བསྡུས་ཀྱིས་དོན་ཆེན་སྒྲུབ་པའི་ལམ་ལུགས་ཀྱི་ཁྱད་སྟོབས་དང་གཞི་ཁྱོན་ཆེས་ཆེ་བའི་ཁྲོམ་རའི་ཁྱད་སྟོབས་ལེགས་པར་བཏོན་ནས། ཐོན་ལས་ཀྱི་རྨང་གཞིའི་ནུས་ཤུགས་སྲ་བརྟན་དུ་གཏོང་རྒྱུ་གཞི་རྩར་འཛིན་པ་དང་། རང་བདག་གིས་ཚོད་འཛིན་བྱེད་ཐུབ་པ་དང་བདེ་འཇགས་ཡིན་ཞིང་ཕན་ནུས་མཐོ་བ་དེ་དམིགས་འབེན་དུ་བརྩི་བ། ཁེ་ལས་དང་ཁེ་ལས་པ་གཙོ་གཞི་རུ་བྱེད་པ། སྲིད་ཇུས་མཐུན་སྦྱོར་འགན་སྲུང་དུ་བཟུང་ནས། ཉེར་སྤྱོད་ཁྲིད་སྟོན་དང་གནད་དོན་ཁྲིད་སྟོན་རྒྱུན་འཁྱོངས་བྱེད་པ་དང་། སྲིད་གཞུང་གི་ཁྲིད་སྟོན་དང་ཁྲོམ་རའི་རྐྱེན་སྲོལ་ཟུང་དུ་སྦྲེལ་བ་རྒྱུན་འཁྱོངས་བྱེད་པ། རང་ཚུགས་རང་བདག་དང་སྒོ་འབྱེད་མཉམ་ལས་ཕན་ཚུན་བར་ཡར་སྐུལ་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། ཐོན་ལས་རྨང་གཞི་མཐོ་རིམ་ཅན་དང་ཐོན་ལས་ཕྲེང་འབྲེལ་དེང་རབས་ཅན་གྱི་མཁྲེགས་གཏོར་འཐབ་འཛིང་བཟང་པོར་སྤེལ་དགོས།

ཀྲུང་དབྱང་ནོར་སྲིད་དཔལ་འབྱོར་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཚོགས་འདུར་ཞུགས། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བློ་མཐུན་ཚོགས་འདུར་ཟུར་ཞུགས་བྱས།