ཀྲུང་དབྱང་གི་གཅིག་གྱུར་བཀོད་སྒྲིག་ལྟར། ཟླ་བརྒྱད་པའི་ཚེས་ཉེར་དྲུག་ཉིན་ནས་ཚེས་ཉེར་བདུན་ཉིན་བར། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཚན་ཁག་གིས་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི་བརྗོད་དོན་སློབ་གསོའི་ཆེད་དོན་དམངས་གཙོ་འཚོ་བའི་གྲོས་ཚོགས་བསྡུས་ནས། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་གཏིང་ཟབ་དང་ལག་ལེན་མཐར་ཕྱིན་བྱས་པ་དང་། ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི་བརྗོད་དོན་ལ་དོ་སྣང་དང་། གཞུང་ལུགས་སློབ་སྦྱོང་ཐད་ནས་གྲུབ་འབྲས་ལེན་པ་དང་བསམ་བློ་ཆབ་སྲིད་ཐད་ནས་སྦྱོང་བརྡར་བྱེད་པ། ལས་གཉེར་ལས་སྐྲུན་ཐད་ནས་ཁག་ཁུར་བྱེད་ཕོད་པ། མི་དམངས་ལ་ཞབས་འདེགས་ཞུས་ནས་དཀའ་ཁག་ཐག་གཅོད་པ། སྤྱོད་གཙང་སྲོལ་བཟང་ཐད་ནས་མིག་དཔེ་བྱེད་པའི་དམིགས་འབེན་ལ་དམིགས་ནས། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་མེད་པར་བཟོ་བ་དང་། གཤིབ་སྡུར་བཞི་དང་འཚོལ་ཞིབ་བཞིའི་རེ་བ་ལྟར། རང་ཉིད་གསར་བརྗེའི་སྙིང་སྟོབས་ལ་བརྟེན་ནས་འབུར་ཐོན་གནད་དོན་ལ་ཞིབ་ལྟ་བྱེད་པ་དང་འཚོལ་ཞིབ་བྱེད་པ། རྒྱུ་རྐྱེན་ལ་དབྱེ་ཞིབ་གཏིང་ཟབ་བྱེད་པ། སྐྱོན་བརྗོད་དང་རང་ཉིད་ལ་སྐྱོན་བརྗོད་ནན་མོ་བྱས་ཏེ། འབད་འཐབ་ཀྱི་ཁ་ཕྱོགས་དང་དག་ཐེར་ལེགས་བཅོས་ཀྱི་བྱེད་ཐབས་གཏན་ཁེལ་གསལ་བོ་བྱས།
མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཅན་ཅུན་གྱིས་འགོ་མཛིན་བྱས་པར་མ་ཟད་སྤྱི་སྡོམ་གཏམ་བཤད་གནང་། ཀྲུང་དབྱང་མཛུབ་སྟོན་ཚན་ཆུང་དང་པོའི་ཚན་གཙོ་ཧྥུན་ཅན་ཧྲིན་གྱིས་དཔྱད་འཇོག་གཏམ་བཤད་གནང་། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་འགན་ཁུར་བློ་མཐུན་གྲོས་ཚོགས་ལ་ཟུར་ཞུགས་བྱས། ཀྲུང་དབྱང་མཛུབ་སྟོན་ཚན་ཆུང་དང་པོའི་འབྲེལ་ཡོད་བློ་མཐུན་གྲོས་ཚོགས་ལ་ཞུགས་ནས་མཛུབ་སྟོན་བྱས།
མཚོ་སྔོན་ཞིང་ཆེན་ཏང་ཨུས་ཐེངས་འདིའི་ཆེད་དོན་དམངས་གཙོ་འཚོ་བའི་གྲོས་ཚོགས་བཟང་བོར་བསྡུ་བར་ཧ་ཅང་མཐོང་ཆེན་དང་གྲ་སྒྲིག་བཟང་བོ་བྱས། གྲོས་ཚོགས་སྔོན་དུ། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཚན་ཁག་གི་ཁོངས་མིས་སློབ་སྦྱོང་དང་གྲོས་སྡུར་གཏིང་ཟབ་དང་བརྟག་བཤེར་ཞིབ་འཇུག་ནན་མོ་བྱས་པ་དང་། གནད་དོན་ལ་ཞིབ་ལྟ་བཟང་བོ་དང་བསམ་འཆར་བསྡུ་ལེན་བྱས་ལ། སེམས་གཏམ་བཤད་པ་དང་གླེང་མོལ་བྱེད་པའི་བྱ་འགུལ་སྤེལ་བ་མ་ཟད། དེའི་རྨང་གཞིའི་སྟེང་ཚན་ཁག་དང་མི་སྒེར་གྱི་གཏམ་བཤད་རྒྱུ་ཆ་བྲིས་ནས། ཆེད་དོན་དམངས་གཙོ་འཚོ་བའི་གྲོས་ཚོགས་བཟང་བོར་བསྡུ་བར་བསམ་བློའི་གྲ་སྒྲིག་དང་བྱ་བའི་གྲ་སྒྲིག་བཟང་བོ་བྱས།
ཚོགས་ཐོག་ནས་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཚན་ཁག་གི་བརྗོད་དོན་སློབ་གསོ་སྤེལ་བའི་གནས་ཚུལ་དང་བསམ་འཆར་བསྡུ་ལེན་གནས་ཚུལ་ཁྱབ་བསྒྲགས་བྱས། ཝང་ཅན་ཅུན་གྱིས་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཚན་ཁག་གི་ཚབ་བྱས་ནས་ཞིབ་བཤེར་དབྱེ་ཞིབ་བྱས་པ་དང་། འགོ་ཁྲིད་དེ་མི་སྒེར་གྱི་ཞིབ་བཤེར་དབྱེ་ཞིབ་དང་རང་འགུལ་གྱིས་སྐྱོན་བརྗོད་དང་ལེན་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལིག་ཉིང་དང་རྒྱུན་ལས་ཨུ་ཡོན་གཞན་པས་རེ་རེ་བཞིན་མི་སྒེར་གྱི་ཞིབ་བཤེར་དབྱེ་ཞིབ་བྱས་པ་དང་། སྐྱོན་བརྗོད་དང་རང་ཉིད་ལ་སྐྱོན་བརྗོད་ནན་མོ་སྤེལ། ཚང་མས་གནས་ཚུལ་དངོས་ལ་ཟུང་འབྲེལ་བྱས་པ་དང་། རང་ཉིད་དེའི་ཁྲོད་འཇོག་པ་དང་འགན་འཁྲི་གཏན་ཁེལ་ནན་མོ་བྱེད་པ། བྱ་བ་བཟང་བོར་བསྒྲུབ་ནས། རང་ཉིད་ཀྱི་གནད་དོན་གསལ་བོར་བཤད་པ་དང་། གནད་དོན་གྱི་རྩ་བར་དབྱེ་ཞིབ་གསལ་བོ་བྱེད་པ། དག་ཐེར་ལེགས་བཅོས་ཀྱི་བྱེད་ཐབས་ནན་མོ་སྤྱོད་པ། སྐྱོན་བརྗོད་ཀྱི་བསམ་འཆར་བཟང་བོར་འདོན་པ་བཅས་བྱས་པས། བདེན་ལུགས་རྒྱུན་འཁྱོངས་དང་ནོར་འཁྲུལ་ཡོ་བསྲང་བྱེད་པ་དང་། ཐུན་མོང་གི་ལྟ་བ་གཅིག་ཏུ་བསྡུ་བ། མཐུན་སྒྲིལ་ཇེ་དམ་དུ་གཏོང་བའི་དམིགས་འབེན་མངོན་འགྱུར་བྱས།
ཧྥུན་ཅན་ཧྲིན་གྱིས་གདེང་འཇོག་གཏམ་བཤད་ནང་བསྟན་དོན། ཉེ་བའི་ཟླ་གསུམ་རིང་ལ་མཚོ་སྔོན་ཞིང་ཆེན་གྱི་སྐོར་ཐེངས་དང་པོའི་བརྗོད་དོན་སློབ་གསོ་སྤེལ་བའི་གནས་ཚུལ་ལ་བལྟས་ན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཆབ་སྲིད་ལངས་གནས་མཐོ་བ་དང་བསམ་བློའི་ངོས་ཟིན་བཟང་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་མཐའ་གཅིག་ཏུ་ལག་ལེན་མཐར་ཕྱིན་བྱས་པ་དང་། བརྗོད་དོན་སློབ་གསོ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་དུ་བརྩིས་ནས་ཕྲག་ཏུ་བླངས་པ་དང་དམ་འཛིན་བྱས་ལ། སློབ་སྦྱོང་བཞི་དང་དམིགས་འབེན་བཞི། གཤིབ་སྡུར་བཞི་བཅས་གཅིག་གྱུར་བཀོད་འདོམས་སུ་བྱེད་པ་རྒྱུན་འཁྱོངས་བྱས་པ་དང་། མཚོ་སྔོན་གྱི་གནས་ཚུལ་དངོས་ལ་ཟུང་འབྲེལ་བྱས་ནས་བརྗོད་དོན་སློབ་གསོའི་བྱ་བ་སྣ་ཚོགས་དམ་འཛིན་ནན་མོ་བྱས་པས། གྲུབ་འབྲས་མངོན་གསལ་བླངས་པ་དང་། ཐེངས་འདིའི་ཆེད་དོན་དམངས་གཙོ་འཚོ་བའི་གྲོས་ཚོགས་བདེ་བླག་ངང་བསྡུ་བའི་ཐད་རྨང་གཞི་བརྟན་པོ་བཏིངས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཚན་ཁག་གི་ཆེད་དོན་དམངས་གཙོ་འཚོ་བའི་གྲོས་ཚོགས་ཀྱིས་གཙོ་ཐིག་ལ་དམ་དུ་དམིགས་པ་དང་། བརྗོད་དོན་ལ་དོ་སྣང་བྱས་ལ། བརྗོད་དོན་སློབ་གསོའི་གྲུབ་འབྲས་བཀོལ་སྤྱོད་གང་ལེགས་བྱས་པ་དང་། སྐྱོན་བརྗོད་དང་རང་སྐྱོན་ངོས་ལེན་བྱས་ལ། སྤྱི་ཁོག་གི་སྤུས་ཚད་ཅུང་བཟང་། གོ་རིམ་རྗེས་མར། ཐེངས་འདིའི་ཆེད་དོན་དམངས་གཙོ་འཚོ་བའི་གྲོས་ཚོགས་ཀྱི་གྲུབ་འབྲས་མུ་མཐུད་དུ་སྲ་བརྟན་དང་གཏིང་ཟབ་ཏུ་གཏོང་བ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་ནན་མོ་དང་རྒྱུས་ལོན་གཏིང་ཟབ། ལག་ལེན་མཐར་ཕྱིན་བྱེད་རྒྱུ་དེ་ཆབ་སྲིད་ཀྱི་འགན་འཁྲི་གལ་ཆེན་དང་ཡུན་རིང་གི་ཆབ་སྲིད་ལས་འགན་ལ་བརྩིས་ནས། ཁྱོན་ཡོངས་ནས་སློབ་སྦྱོང་བྱེད་པ་དང་། བསམ་གཞིགས་གཏིང་ཟབ་གཏོང་བ། གནས་ཚུལ་དངོས་ལ་འབྲེལ་འདྲིས་བྱས་ནས་སློབ་སྦྱོང་བྱེད་པ། དུས་ཐོག་རྗེས་འདེད་སློབ་སྦྱོང་བྱེད་པ། རྒྱུན་མ་ཆད་པར་འདུ་ཤེས་བཞི་ཇེ་དྲག་དང་རང་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོབ་གཉིས་ལག་བསྟར་བྱེད་དགོས་ཟེར།
ཝང་ཅན་ཅུན་གྱིས་སྤྱི་སྡོམ་གཏམ་བཤད་གནང་སྐབས་བསྟན་ཏོན། ཀྲུང་དབྱང་མཛུབ་སྟོན་ཚན་ཆུང་དང་པོའི་སེམས་ཞིབ་མོས་མཛུབ་སྟོན་འོག མཚོ་སྔོན་ཞིང་ཆེན་གྱི་སྐོར་ཐེངས་དང་པོའི་བརྗོད་དོན་སློབ་གསོས་ཀྲུང་དབྱང་གི་རེ་བ་ལག་བསྟར་ནན་མོ་བྱས་པ་དང་། མཚོ་སྔོན་གྱི་གནས་ཚུལ་དངོས་ལ་ཟུང་འབྲེལ་བྱས་ནས། གཏན་ཁེལ་བྱས་པའི་བྱ་བ་བཟང་བོར་བསྒྲུབ་པ་དང་། རང་འདེམས་བྱ་བའི་ཐད་ནས་ཁྱད་ཆོས་ལྡན་པར་བྱས་ཏེ། དུས་རིམ་རང་བཞིན་གྱི་གྲུབ་འབྲས་བླངས་ཟེར།
ཝང་ཅན་ཅུན་གྱིས་ནན་གྱིས་བསྟན་དོན། སྐོར་ཐེངས་དང་པོའི་བརྗོད་དོན་སློབ་གསོ་མཇུག་མ་རྫོགས་སྔོན་དུ། རྒྱུན་ལས་ཨུ་ཡོན་ཚང་མ་རང་ཡོད་སའི་ཀྲི་པུའུ་ཡི་རྩ་འཛུགས་འཚོ་བའི་གྲོས་ཚོགས་ལ་ཐེངས་གཅིག་ཞུགས་དགོས། དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་། སྲིད་གཞུང་། སྲིད་གྲོས། བཅའ་ཁྲིམས་ཞིབ་བཤེར་ཚན་ཁག་དང་སྐོར་ཐེངས་དང་པོའི་བརྗོད་དོན་སློབ་གསོའི་ཏང་ཙུའུ་ཏང་ཨུའི་ཚད་གཞི་མཐོན་པོ་དང་སྤུས་ཚད་མཐོ་བའི་དམངས་གཙོ་འཚོ་བའི་གྲོས་ཚོགས་བསྡུ་དགོས། ཀྲུང་དབྱང་གི་རེ་བ་ལྟར་སྐོར་ཐེངས་དང་པོའི་བརྗོད་དོན་སློབ་གསོར་སྤྱི་སྡོམ་བཟང་བོ་བྱེད་པ་དང་། སྐོར་ཐེངས་གཉིས་པའི་བརྗོད་དོན་སློབ་གསོར་འཆར་འགོད་བཟང་བོ་བྱེད་དགོས། དག་ཐེར་ལེགས་བཅོས་ལ་དམ་འཛིན་བྱེད་པ་དང་། དུས་ཐོག་ཏུ་གནད་དོན་འཚོལ་བ་དང་དག་ཐེར་ལེགས་བཅོས་ཀྱི་ཇུས་གཞི་གཏན་འབེབས་བྱས་ནས། གོང་འོག་མཉམ་ཤུགས་ཀྱིས་བརྗོད་དོན་སློབ་གསོ་བཟང་བོར་སྤེལ་དགོས་ཟེར།