ཟླ་བརྒྱད་པའི་ཚེས་ཉེར་བརྒྱད་ཉིན་གྱི་སྔ་དྲོར། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཅན་ཅུན་གྱིས་ཞིང་ཆེན་ཡོངས་ཀྱི་སྤྱི་བདེ་བྱ་བར་རྟོག་ཞིབ་བྱས་ཏེ་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པར་སློབ་སྦྱོང་མཐར་ཕྱིན་དང་དངོས་འབེབས་དོན་འཁྱོལ་བྱས་ནས། རྒྱལ་ཁབ་སྤྱིའི་བདེ་འཇགས་ལྟ་བ་བརྟན་པོར་འཛུགས་དགོས་ཤིང་། མི་དམངས་ལྟེ་བ་ཡིན་པའི་བསམ་བློ་རྒྱུན་འཁྱོངས་བྱེད་དགོས་ལ། ཁྱོན་ཡོངས་ནས་དུས་རབས་གསར་པའི་སྤྱི་བདེ་བྱ་བའི་སྤུས་ཚད་དང་ཕན་འབྲས་ཇེ་མཐོར་བཏང་མཐར། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་འཁོར་བདུན་ཅུ་ལོན་པ་དང་མཚོ་སྔོན་བཅིངས་འགྲོལ་བྱས་ནས་ལོ་འཁོར་བདུན་ཅུ་ལོན་པར་བདེ་འཇགས་བརྟན་འཇགས་ཀྱི་ཆབ་སྲིད་དང་སྤྱི་ཚོགས་ཁོར་ཡུག་ལེགས་པོ་ཞིག་བསྐྲུན་དགོས་ཟེར།
ཝང་ཅན་ཅུན་གྱིས་བླང་བྱ་བཏོན་དོན། ཧུར་བརྩོན་ཆེན་པོས་ཆ་འཕྲིན་ཅན་གྱི་འཕེལ་ཕྱོགས་ལ་རུང་བསྟུན་བྱེད་རྒྱུ་དང་ཤུགས་ཆེན་པོས་ཉེན་རྟོག་ལས་དོན་གྱི་གཞི་འཛིན་གྲངས་ཀ་ཆེན་མོའི་འཐབ་ཇུས་ལག་བསྟར་བྱས་ནས། གཞི་འཛིན་གྲངས་ཀར་བྱང་ཆ་དོད་པ་དང་གཞི་འཛིན་གྲངས་ཀ་བཀོལ་ཤེས་པ། གཞི་འཛིན་གྲངས་ཀར་དོ་དམ་བྱེད་པ་བཅས་གཞི་གཅིག་ཅན་ཏུ་འཕེལ་བར་བྱས་ཏེ། འཇོན་ཐང་ལྡན་པ་དང་དཀའ་བ་སྤྱད་ནུས་པ། ལས་རིགས་ལ་བྱང་བ་བཅས་གཞི་གཅིག་ཏུ་སྦྲེལ་ནས། ཆ་འཕྲིན་ལག་རྩལ་དང་སྲོལ་རྒྱུན་ཐབས་ལམ་སྦྲེལ་མཐུད་ལེགས་པོ་བྱེད་དགོས། འགོག་སྲུང་དང་དོ་དམ་ཚོད་འཛིན་བྱེད་པའི་དཀའ་གནད་ལ་ཐོད་བརྒལ་འབྱུང་དུ་བཅུག་ནས། ལས་བྱེད་ཉེན་རྟོག་པའི་ཁུར་པོ་ཇེ་ཡང་དུ་གཏོང་བ་དང་བྱ་བའི་ཕན་འབྲས་མཐོ་བ། རྡུང་རྡེག་གནད་ལ་འཁེལ་བ་བཅས་ཀྱི་དམིགས་འབེན་མངོན་འགྱུར་བྱས་མཐར། ཆ་འཕྲིན་ཅན་འཛུགས་སྐྲུན་ལ་བརྟེན་ནས་སྤྱི་བདེ་ལས་དོན་ཚུལ་སྒྱུར་རིམ་སྤོར་བྱེད་དགོས་ཟེར།
དབྱིན་པེ་དང་ཝང་ཀྲིན་ཧྲིན་གྱིས་རྟོག་ཞིབ་བྱེད་རོགས་བྱས།