ཝང་ཅན་ཅུན་ཉིས་སྟོང་བཅུ་དགུ་ལོའི་པེ་ཅིན་འཛམ་གླིང་ལྡུམ་རའི་ལག་རྩལ་འགྲེམ་ཚོགས་སྟེང་གི་མཚོ་སྔོན་ཉིན་མོའི་བྱ་འགུལ་ལ་ཞུགས།
2019.09.03 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 25

ཟླ་དགུ་བའི་ཚེས་གཉིས་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའམ་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཅན་ཅུན་པེ་ཅིན་འཛམ་གླིང་སྐྱེད་ཚལ་སྒྱུ་རྩལ་འགྲེམ་ཚོགས་ཀྱི་མཚོ་སྔོན་ཉིན་མོའི་བྱ་འགུལ་སྤེལ་སའི་ཡུལ་དངོས་སུ་ཐོན་ནས་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་དངོས་འབེབས་མཐར་ཕྱིན་བྱས་ཏེ། མཛེས་པའི་ཀྲུང་གོ་ཡི་ལག་ལེན་པ་རྣལ་མ་ཞིག་བྱེད་དགོས་པར་མ་ཟད། ལྗང་མདོག་རྒྱུད་གཅིག་ལམ་གཅིག་གི་སྐུལ་འདེད་པ་ལེགས་པོ་ཞིག་དང་། གོ་ལ་ཧྲིལ་བོའི་སྣོད་བཅུད་དཔལ་ཡོན་འཛུགས་སྐྲུན་ལ་བྱས་རྗེས་འཇོག་མཁན་དུ་འགྱུར་བར་བྱེད་དགོས་ཟེར།

ཝང་ཅན་ཅུན་གྱིས་བསྟན་དོན། པེ་ཅིན་འཛམ་གླིང་སྐྱེད་ཚལ་སྒྱུ་རྩལ་འགྲེམ་ཚོགས་ཀྱིས་ལྗང་མདོག་འཚོ་བ་དང་མཛེས་པའི་ཁྱིམ་གཞི་བརྗོད་དོན་དུ་བཟུང་ནས། གོ་ལ་ཧྲིལ་བོའི་ལྗང་མདོག་ཐོན་སྐྱེད་དང་འཛད་སྤྱོད། འཚོ་བ་བཅས་ཀྱི་གྲུབ་འབྲས་ཕུན་སུམ་ཚོགས་པ་གཅིག་བསྡུ་བྱས་ཏེ། འཛམ་གླིང་གི་མེ་ཏོག་ར་བའི་སྒྱུ་རྩལ་གྱི་སྣ་ཁ་དང་ལག་རྩལ། འཕེལ་རྒྱས་འདུ་ཤེས་བཅས་ཀྱི་འཕེལ་སྟངས་གསར་པ་མངོན་པར་མ་ཟད། འཚོ་བ་སྐྱེལ་སྟངས་ཕུན་སུམ་ཚོགས་པ་མངོན་ཐུབ་པའི་འཛུགས་སྐྲུན་ར་བ་དང་དེང་རབས་ཀྱི་གཞི་རྒྱུ་དང་མཉམ་འདྲེས་ཀྱི་ཚན་རྩལ་ར་བ་ཡང་འགྲེམ་སྟོན་བྱས་ཡོད་པ་ལས་གཞན། ད་དུང་ཞིང་གྲོང་གི་རང་མདངས་མངོན་པར་གསལ་བའི་སྲོལ་རྒྱུན་ར་བའི་སྒྱུ་རྩལ་ཡང་ཡོད། རིག་གནས་ཀྱི་ནང་སྙིང་འཛོམས་ལ་ཚན་རིག་ལག་རྩལ་གྱི་ནང་བཅུད་རྫོགས་པ། ཞིབ་ཚགས་ཀྱི་ཇུས་འགོད་དང་ལྡན་པ། ཕྱོགས་བསྡུས་ཕན་འབྲས་སྔར་མེད་གསར་ཤོས་དོད་པ་བཅས་ཀྱི་ཁྱད་ཆོས་རྨང་ནས་གསལ་བས་ན། དེས་རང་རྒྱལ་གྱི་རྒྱལ་སྤྱིའི་ཤུགས་རྐྱེན་དང་སྤྱོད་བཟང་གི་སྣང་བརྙན། མཉམ་ལས་ཀྱི་འགུག་ཤུགས་བཅས་ཅིག་ཅར་མཚོན་ཡོད་ཟེར། ཁོས་མུ་མཐུད་དུ་བཤད་རྒྱུར། མཚོ་སྔོན་ར་བའི་བཀོད་པ་ལེགས་ཤིང་མཚོ་སྔོན་གྱི་ཁྱད་ཆོས་སྣ་འདུས་ཡིན་ལ། ས་ཁོངས་རིག་གནས་ཀྱི་རྣམ་པ་གསར་ཤོས་དོད་པ། འཚོ་བའི་རྣམ་པ་གསལ་བ་བཅས་ཀྱི་ཁྱད་ཆོས་ལྡན་ཁར། རྒྱལ་ས་པེ་ཅིན་ནས་མཚོ་སྔོན་གྱི་རྣམ་པ་འགྲེམ་སྟོན་དང་མཚོ་སྔོན་དྲིལ་སྒྲོག་ལེགས་པོ་བྱེད་སའི་སྟེགས་བུ་གལ་ཆེན་ཞིག་ཏུ་གྱུར་ཡོད། ང་ཚོས་མུ་མཐུད་དུ་སྟེགས་བུ་འདིའི་ཤུགས་རྐྱེན་སྔར་ལས་ཇེ་རྒྱས་ཇེ་ལེགས་སུ་བཏང་མཐར། རྒྱལ་ཡོངས་ཀྱི་མི་མང་པོ་ཞིག་གིས་མཚོ་སྔོན་ལ་སྔར་ལས་རྒྱུས་ལོན་ཡག་པོ་བྱེད་པར་འབད་འབུངས་བྱེད་དགོས་ཟེར།

ཀྲང་ཞི་མེན་དང་ཡུས་ཚུང་ལི། ཁོང་ཡུང་། ཝང་ལིས་མེན་བཅས་སོ་སོར་གོང་གསལ་བྱ་འགུལ་ལ་ཞུགས།