ཟླ་དགུ་བའི་ཚེས་བཞི་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་སྒྲུབ་ཁང་གིས་པེ་ཅིན་ནས་རྒྱལ་ཁབ་སྤྱི་གླིང་ཞིང་ཆེན་འཛུགས་སྐྲུན་བྱས་ཏེ་མཛེས་པའི་མཚོ་སྔོན་གྱི་བརྩེ་བ་བརྒྱུད་སྤྲོད་བྱེད་པ་ཞེས་པ་བརྗོད་དོན་དུ་བཟུང་ནས། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་འཁོར་བདུན་ཅུ་ལོན་པར་རྟེན་འབྲེལ་ཞུ་བའི་མཚོ་སྔོན་གྱི་ཆེད་དོན་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་བསྡུས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཅན་ཅུན་གྱིས་བརྗོད་དོན་ཁྱབ་བསྒྲགས་བྱས་པར་མ་ཟད། རྒྱལ་ཁབ་ཕྱི་ནང་གི་གསར་འགོད་པའི་དྲི་བར་ལན་བཏབ། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལིག་ཉིང་གིས་ཀྱང་འབྲེལ་ཡོད་དྲི་བར་ལན་བཏབ།
ཝང་ཅན་ཅུན་གྱིས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་དུ་ཐོག་མར་མཚོ་སྔོན་གྱི་ལོ་ངོ་བདུན་ཅུའི་རིང་གི་འགྱུར་ལྡོག་མཚམས་སྦྱོར་མདོར་བསྡུས་བྱས་ནས་བཤད་རྒྱུར། མཚོ་སྔོན་ལ་གནམ་ས་བླ་འོག་བརྗེ་བ་ལྟ་བུའི་འགྱུར་ལྡོག་དང་སྔར་མེད་འཕེལ་རྒྱས་བྱུང་ཡོད། ས་ཁུལ་གྱི་ཐོན་སྐྱེད་སྤྱིའི་རིན་འབབ་གཅིག་དགུ་ཞེ་དགུ་ལོ་ལས་ལྡབ་སུམ་བརྒྱ་སོ་ལྔ་ཡིས་ཇེ་མང་དུ་འཕར་ཡོད་ཅིང་། ས་གནས་ནོར་སྲིད་སྔོན་རྩིས་ཡོང་འབབ་གཅིག་དགུ་ང་གཅིག་ལོ་ལས་ལྡབ་སྟོང་དྲུག་དང་བརྒྱད་བརྒྱ་ཉེར་གཅིག་གིས་འཕར་ཡོད། སྐྱེ་ཁམས་སྔར་ལས་ལེགས་ལམ་དུ་ཕྱིན་ཡོད་པ་དང་ནགས་ཚལ་གྱི་ཁེབས་ཚད་སྔར་གྱི་བརྒྱ་ཆའི་གཅིག་ལ་མི་སླེབས་པ་ནས་ད་ལྟ་བརྒྱ་ཆའི་བདུན་དང་གྲངས་ཆུང་གཉིས་དྲུག་ལ་སླེབས་ཡོད་ཅིང་། སྔོ་ལྗང་གི་ཟིན་ཚད་བརྒྱ་ཆའི་བདུན་ཅུ་ལས་བརྒལ་ཡོད། དམངས་ཚིས་སྔར་ལས་འབྱོར་འབྲིང་གི་ཚད་གཞིར་སྙེག་གིན་ཡོད་ལ། གྲོང་ཁྱེར་དང་གྲོང་གསེབ་སྡོད་དམངས་ཀྱི་ཡོང་འབབ་ནི་སོ་སོར་གཅིག་དགུ་དོན་བརྒྱད་ལོ་ལས་ལྡབ་བརྒྱ་དང་ང་བརྒྱད་དང་ལྡབ་གོ་གཅིག་གིས་འཕར་སྣོན་བྱུང་ཡོད། འོས་འགན་སློབ་གསོ་ཚད་གཞིར་ལོན་ཚད་བརྒྱ་ཆའི་གོ་དྲུག་དང་གྲངས་ཆུང་དགུ་ལ་སླེབས་ཡོད། མི་རེའི་ཆ་སྙོམས་ཚེ་ཚད་ལོ་དོན་གཉིས་དང་གྲངས་ཆུང་ཐིག་དྲུག་ལ་འཕར་ཡོད། འགྲིམ་འགྲུལ་སྔར་ལས་སྟབས་བདེར་གྱུར་ཡོད་ཅིང་། གནམ་གྲུ་ཐང་དང་མྱུར་བགྲོད་ལྕགས་ལམ། མྱུར་བགྲོད་གཞུང་ལམ་བཅས་གཙོ་གནད་ཡིན་པའི་འགྲིམ་འགྲུལ་དྲ་རྒྱའི་རྣམ་པ་གཞི་རྩའི་ཆ་ནས་ཡོངས་སུ་གྲུབ་ནས། མེས་རྒྱལ་ནང་ལོག་དང་འཛམ་གླིང་གི་ས་གནས་སོ་སོའི་འབྲེལ་ལམ་སྔར་ལས་ཇེ་དམ་ཇེ་ཡངས་སུ་སོང་ཡོད་ཟེར།
ཝང་ཅན་ཅུན་གྱིས་སྨྱན་བྱེད་པའི་སྡེ་ལ་མཚོ་སྔོན་གྱི་རིན་ཐང་ཆེ་ཤོས་དང་མཛེས་སྡུག་གི་རིན་ཐང་། རྒྱལ་ཁབ་སྤྱི་གླིང་རང་བདག་ཡིན་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་མ་ལག་གི་དཔེ་སྟོན་ཞིང་ཆེན་བསྐྲུན་པའི་ལག་ལེན་བཅས་ཀྱི་གནས་ཚུལ་མཚམས་སྦྱོར་བྱས་ནས་བཤད་རྒྱུར། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགོ་ཁྲིད་བརྟན་པོའི་འོག་ནས། མཚོ་སྔོན་གྱི་དཔལ་འབྱོར་འཕེལ་རྒྱས་དང་མི་རིགས་མཐུན་སྒྲིལ་ལས་དོན། རིག་གནས་ཡར་དར། སྤྱི་ཚོགས་བརྟན་འཇགས། སྐྱེ་ཁམས་བཅས་སྔར་མེད་ཡར་རྒྱས་བྱུང་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འགོ་འཛིན་མཛད་དེ་བསྡུས་པའི་ཀྲུང་དབྱང་ཁྱོན་ཡོངས་བཅོས་སྒྱུར་ཟབ་སྤེལ་བྱ་བའི་འགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་སྟེང་ནས་གྲོས་མོལ་བརྒྱུད་དེ། ཀྲུང་གོ་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་སྒྲིག་ལུགས་ཚོད་ལྟའི་ཇུས་གཞི་ཞེས་པ་དང་། མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་སྒྲིག་ལུགས་ཚོད་ལྟའི་ཇུས་གཞིར་གྲོས་འཆམ་བྱུང་བ་འདིའི་སྟེང་ནས། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་མཚོ་སྔོན་ལ་ཡིད་ཆེས་དང་རེ་བ་ཆེན་པོ་བཟུང་ཡོད་པ་མངོན་པར་མཚོན་ཐུབ། མཚོ་སྔོན་གྱིས་སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ཀྱི་འཕེལ་རྒྱས་འཐབ་ཇུས་འཐེན་ནས། རྨ་འབྲི་རྫ་གསུམ་འབྱུང་ཡུལ་དང་མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་ཚོད་ལྟའི་རྨང་གཞིའི་སྟེང་དུ། སྔར་མེད་རུ་འདྲེན་གྱི་དོན་སྙིང་ལྡན་པའི་རྒྱལ་ཁབ་སྤྱི་གླིང་རང་བདག་ཡིན་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་མ་ལག་གི་དཔེ་སྟོན་ཞིང་ཆེན་བསྐྲུན་ནས། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་མཚོ་སྔོན་ནས་རྩ་བ་ཚུགས་ཏེ་རྩེ་མོ་རྣམ་པར་རྒྱས་པ་ལ་སྒོ་ཀུན་ནས་འབད་རྒྱུ་ཡིན་པར་མ་ཟད། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཕྱོགས་ནས་ཀུན་གྱི་འདོད་བློ་དང་འཚམ་པའི་གྲུབ་འབྲས་ལེན་རྒྱུ་ཡིན་ཟེར།
དེའི་རྗེས་ཝང་ཅན་ཅུན་དང་ལིག་ཉིང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རི་ལྗང་ཆུ་དྭངས་གསེར་དངུལ་རི་ལས་ལྷག་པའི་འདུ་ཤེས་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། པེ་ཅིན་འཛམ་གླིང་ལྡུམ་རའི་ལག་རྩལ་འགྲེམ་ཚོགས་སྟེང་གི་མཚོ་སྔོན་ཉིན་མོའི་བྱ་འགུལ། ཨ་ཆེན་གངས་རྒྱབ་ཀྱི་སྐྱེ་ཁམས་སྲུང་སྐྱོབ། དབུལ་ཐར་མཁྲེགས་གཏོར་སོགས་ཀྱི་ཐད་ནས་གསར་འགོད་པའི་དྲི་བར་ལན་བཏབ།
ཀྲང་ཞི་མེན་དང་ཡུས་ཚུང་ལི་ཚོགས་འདུར་ཞུགས། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་སྒྲུབ་ཁང་གསར་འགྱུར་ཅུའུ་ཡི་ཅུའུ་ཀྲང་། གསར་འགྱུར་མགྲིན་ཚབ་པ་ཧུའུ་ཁེ་ཧུང་གིས་གྲོས་ཚོགས་ལ་འགོ་འཛིན་བྱས།
གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་ཡུལ་དངོས་ནས་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་འཁོར་བདུན་ཅུ་ལོན་པའི་རིང་གི་མཚོ་སྔོན་གྱི་གྲུབ་འབྲས་འགྲེམ་སྟོན་བྱ་འགུལ་སྤེལ།