མཚོ་སྔོན་ཞིང་ཆེན་གྱིས་ཉིས་སྟོང་བཅོ་བརྒྱད་ལོའི་དབུལ་ཐར་མཁྲེགས་གཏོར་གྱི་གཟེངས་བསྟོད་ཚོགས་ཆེན་བསྡུས།
2019.09.27 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 7

ཟླ་དགུ་བའི་ཚེས་ཉེར་དྲུག་ཉིན། མཚོ་སྔོན་ཞིང་ཆེན་གྱི་ཉིས་སྟོང་བཅོ་བརྒྱད་ལོའི་དབུལ་ཐར་མཁྲེགས་གཏོར་གྱི་གཟེངས་བསྟོད་ཚོགས་ཆེན་ཟི་ལིང་ནས་བསྡུས། ཚོགས་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དབུལ་ཐར་གསར་སྤེལ་སྐོར་གྱི་རྒྱས་བཤད་གལ་ཆེན་དངོས་འབེབས་དོན་འཁྱོལ་བྱས་ཏེ། ཁྱོན་ཡོངས་ནས་ཞིང་ཆེན་ཡོངས་ཀྱི་དབུལ་ཐར་མཁྲེགས་གཏོར་བྱ་བར་སྤྱི་སྡོམ་བྱས་པ་ལས་གཞན། དབུལ་ཐར་མཁྲེགས་གཏོར་ལ་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པའི་ལས་རིམ་ཁག་གི་འོས་འགན་ལ་བཀོད་སྒྲིག་གང་ལེགས་བྱས་པར་མ་ཟད། ད་དུང་དབུལ་ཐར་མཁྲེགས་གཏོར་བྱ་བའི་སྔོན་ཐོན་ཐུན་མོང་དང་སྔོན་ཐོན་ལས་ཁུངས། སྔོན་ཐོན་མི་སྒེར་བཅས་ལ་གཟེངས་བསྟོད་གཟབ་རྒྱས་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཅན་ཅུན་གྱིས་གྲོས་ཚོགས་ལ་འགོ་འཛིན་བྱས་ནས་གཏམ་བཤད་པ་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལིག་ཉིང་ཚོགས་འདུར་ཞུགས་ནས་གཏམ་བཤད།

ཝང་ཅན་ཅུན་གྱིས་བསྟན་དོན། དེ་རིང་གི་ཚོགས་འདུ་ནི་གཟེངས་བསྟོད་ཀྱི་ཚོགས་ཆེན་དང་བསམ་བློ་བརྗེ་རེས་ཀྱི་ཚོགས་ཆེན་ཡིན་ལ། སྐུལ་སློང་ཚོགས་ཆེན་དང་ངར་སློང་ཚོགས་ཆེན་ཡང་ཡིན། དབུལ་ཐར་མཁྲེགས་གཏོར་ལས་དོན་བཟང་བོར་བསྒྲུབ་པ་ལ་ཅིས་ཀྱང་སྔོན་ཐོན་ཐུན་མོང་དང་སྔོན་ཐོན་ལས་ཁུངས། སྔོན་ཐོན་མི་སྒེར་བཅས་ལ་གཟེངས་བསྟོད་བྱས་ནས་མིག་དཔེར་འཛིན་དགོས་ཤིང་། སྔོན་ཐོན་གསར་འཛུགས་དང་སྔོན་ཐོན་ལ་སློབ་སྦྱོང་བྱེད་པ། སྔོན་ཐོན་འཚོལ་སྙེག་བྱེད་པ་བཅས་ཀྱི་ཁྲོད་ནས་རང་འཁྲིའི་ལས་དོན་བཟང་བོར་བསྒྲུབ་ནས། གྲུབ་འབྲས་ཆེན་པོ་བརྩོན་ལེན་བྱེད་དགོས། སྔོན་ཐོན་ལ་སློབ་སྦྱོང་བྱེད་པར་མཁས་མི་མཁས་ལ་ལྟ་དགོས། མི་རིགས་ལ་དཔའ་བོ་མཁོ་བ་དང་དུས་རབས་ལ་མིག་དཔེ་ལྟ་ས་མཁོ་བ་ཡིན། མཁྲེགས་གཏོར་ལ་མིག་དཔེ་མཁོ་ཞིང་ལས་དོན་འགྲུབ་པར་སྟོབས་ཤུགས་མཁོ་བ་ཡིན། ཆབ་སྲིད་གོ་གནས་སྔར་ལས་ཇེ་མཐོར་གཏོང་བ་དང་རིགས་སོ་སོའི་མང་ཚོགས་ལ་ཞབས་ཞུ་ཏན་ཏན་ཏིག་ཏིག་ཞུས་ཏེ། དབུལ་ཐར་མཁྲེགས་གཏོར་གྱི་ལག་ལེན་རླབས་པོ་ཆེའི་ཁྲོད་ནས་སྔོན་སྐྱོད་དང་རྩེར་སོན། གྲུབ་འབྲས་བཟང་བོ། བྱས་རྗེས་ཆེན་པོ་བཅས་འཇོག་པར་འབད་དགོས། སྔོན་ཐོན་ལ་ཁ་མིག་ཡར་ལྟ་བྱེད་རྒྱུ་དང་ལས་འགན་ལ་རྩེ་གཅིག་ཏུ་དམིགས་པ། རྒྱལ་ཕམ་ཐག་གཅོད་དང་རྒྱལ་ཁ་ཕུ་ཐག་གཅོད་པ་བཅས་ལ་འབད་དེ། ཏང་ཀྲུང་དབྱང་གི་ཁས་ལེན་ཐོབ་ཅིང་མི་དམངས་ཀྱི་འདོད་བློ་དང་འཚམ་པའི་གྲུབ་འབྲས་ལེགས་པོ་བླངས་ནས། རྒྱལ་ཡོངས་དང་མཉམ་དུ་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པར་འགན་ལེན་ཁག་ཐེག་བྱེད་དགོས་ཟེར།

ལིག་ཉིང་གིས་གཏམ་བཤད་སྐབས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་དབུལ་ཐར་མཁྲེགས་གཏོར་ལས་དོན་འདི་ཉིད་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པའི་འོས་འགན་གལ་ཆེན་དང་དོད་རྟགས་རང་བཞིན་གྱི་དམིགས་ཚད་ལ་བརྩིས་ཏེ། རྒྱལ་སྐྱོང་སྲིད་འཛིན་གྱི་གོ་གནས་གལ་ཆེན་ཏུ་བཞག་ནས། སྔར་མེད་སྟོབས་ཤུགས་ལ་བརྟེན་ནས་དབུལ་ཐར་མཁྲེགས་གཏོར་ལས་དོན་སྤེལ་བ་ཡིན། མཚོ་སྔོན་ནི་རྒྱལ་ཡོངས་ཀྱི་དབུལ་ཐར་མཁྲེགས་གཏོར་བྱེད་ཡུལ་གཙོ་བོ་ཞིག་ཡིན་པའི་ཆ་ནས། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་ཀུན་ཏུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ཁྲིད་སྟོན་དུ་འཛིན་པ་རྒྱུན་འཁྱོངས་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅིའི་དབུལ་སྐྱོར་བྱ་བའི་སྐོར་གྱི་རྒྱས་བཤད་གལ་ཆེན་དངོས་འབེབས་དོན་འཁྱོལ་དང་དེར་སློབ་སྦྱོང་མཐར་ཕྱིན་བྱས། དེ་མིན་ད་དུང་དབུལ་ཐར་མཁྲེགས་གཏོར་ལས་དོན་འདི་ཉིད་ལས་དོན་ཐོག་མ་དང་དམངས་ཚིས་བཟོ་སྐྲུན་དང་པོར་བརྩིས་ནས། ཞིང་ཆེན་ཡོངས་ཀྱི་སྟོབས་ཤུགས་ཡོད་རྒུ་གཅིག་བསྡུས་སྒོས་དབུལ་སྐྱོར་བྱ་བའི་ལས་རིམ་ཁག་སོ་སོའི་འོས་འགན་རྨང་རྐང་བརྟན་པོའི་སྒོ་ནས་སྤེལ་བར་བརྟེན། དེ་བསྟུན་གྱི་གྲུབ་འབྲས་བླངས་ནས་ཉམས་མྱོང་གང་ལ་གང་འཚམ་བསྡུ་ལེན་བྱས། གྲུབ་འབྲས་ལ་ཁས་ལེན་བྱས་པ་དང་ཉམས་མྱོང་ལ་སྤྱི་སྡོམ་བྱས་པའི་ཁྲོད་ནས་རྒྱལ་ཁ་ལེན་ངེས་གཏན་ཡིན་པའི་ཡིད་ཆེས་ཇེ་བརྟན་དུ་བཏང་བ་དང་འཐབ་ཇུས་ཀྱི་གཏན་ཤུགས་རྒྱུན་འཁྱོངས་བྱས་པ། ཡང་དག་པའི་ཁ་ཕྱོགས་རྒྱུན་འཁྱོངས་བྱས། དེ་མིན་ད་དུང་སྔོན་ཐོན་དཔེ་མཚོན་གྱི་བྱེད་ནུས་ལ་སྔར་ལས་ཤུགས་སྣོན་དང་སེམས་ཤུགས་གཅིག་མཐུན་གྱིས་དཀའ་ངལ་ཡོད་ཚད་རིམ་པར་སེལ་མཐར། དབུལ་ཐར་མཁྲེགས་གཏོར་གྱི་ལས་དོན་འབད་པས་སྤེལ་ཡོད་ཟེར།

ཚོགས་ཐོག་ནས་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཧྲིན་ཀྲང་གཞོན་པ་ཡན་ཅིན་ཧེ་ཡིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཉིས་སྟོང་བཅོ་བརྒྱད་ལོའི་དབུལ་ཐར་མཁྲེགས་གཏོར་བྱ་བའི་སྔོན་ཐོན་ཐུན་མོང་དང་སྔོན་ཐོན་ལས་ཁུངས། སྔོན་ཐོན་མི་སྒེར་བཅས་ལ་གཟེངས་བསྟོད་བྱེད་རྒྱུའི་གཏན་འབེབས་སྒྲོག་འདོན་བྱས། ཞིང་ཆེན་གྱི་འགོ་ཁྲིད་ཝང་ཞའོ་དང་ཡུས་ཚུང་ལི། ཉི་མ་སྒྲོལ་མ། ཉེའོ་ཁྲིན་ཡོན། ཀྲང་ཝུན་ཁོས་བཅས་ཚོགས་འདུར་ཞུགས།