ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་བདུན་ཅུ་འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་པེ་ཅིན་ནས་གཟབ་རྒྱས་ངང་བསྡུས་པ་དང་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་ནས་དམག་གཟིགས་མཛད་སྒོ་དང་མང་ཚོགས་ཀྱི་ཁྲོམ་སྐོར་རྒྱ་ཆེན་པོ་སྤེལ།
2019.10.02 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 200

ཟླ་བཅུ་པའི་ཚེས་གཅིག་ཉིན་གྱི་སྔ་དྲོར། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་བདུན་ཅུ་འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་ནས་གཟབ་རྒྱས་ངང་བསྡུས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་།

ཞི་ཅིན་ཕིང་སོགས་མགོ་ཁྲིད་རྣམས་གནམ་བདེ་སྒོ་མོ་ཆེའི་མཁར་སྟེང་དུ་ཕེབས་པ། 

འདི་ནི་ཞི་ཅིན་ཕིང་གིས་དམག་དཔུང་ལ་གཟིགས་ཞིབ་གནང་བའི་ཚུལ་རེད།

ཞི་ཅིན་ཕིང་གནམ་བདེ་སྒོ་མོ་ཆེའི་མཁར་སྟེང་དུ་ཡོད་པ། 

ཟླ་བཅུ་པའི་ཚེས་གཅིག་ཉིན་གྱི་སྔ་དྲོར། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་བདུན་ཅུ་འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་ནས་གཟབ་རྒྱས་ངང་བསྡུས།

ཟླ་བཅུ་པའི་ཚེས་གཅིག་ཉིན་གྱི་སྔ་དྲོར། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་བདུན་ཅུ་འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་ནས་གཟབ་རྒྱས་ངང་བསྡུས། དམག་དམངས་འབུམ་གཉིས་ལྷག་གིས་དམག་གཟིགས་མཛད་སྒོ་དང་མང་ཚོགས་ཀྱི་ཁྲོམ་སྐོར་རྒྱ་ཆེན་པོ་སྤེལ་ནས་སྤྱི་མཐུན་རྒྱལ་ཁབ་ཀྱི་ལོ་ངོ་བདུན་ཅུའི་འཁྲུངས་སྐར་ལ་རྟེན་འབྲེལ་ཞུས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་བར་མ་ཟད་དམག་གཟིགས་མཛད་སྒོར་ཞུགས་པའི་དམག་དཔུང་ལ་གཟིགས་ཞིབ་མཛད།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཚོགས་ཆེན་ལ་མགོ་འཛིན་མཛད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཝང་ཧུའུ་ཉིང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཀྲའོ་ལི་ཅི། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཆི་ཧྲན་བཅས་ཚོགས་ཆེན་ལ་ཞུགས།

རྒྱལ་སྟོན་དུས་ཆེན་གྱི་སྐབས་སུ་ཀྲུང་ཧྭའི་འཛིན་མའི་ཁྱོན་དུ་ཁོར་ཡུག་བརྗིད་ཆགས་ལྟ་ན་སྡུག་ཅིང་མི་རྣམས་དགའ་བའི་གར་ལ་རྩེན། རྒྱལ་ས་པེ་ཅིན་དུ་མེ་ཏོག་རྣམ་པར་བཞད་ཅིང་དར་ཚོན་ལྷབ་ལྷུབ་སྐྱོད།

ནམ་མཁའ་སྔོ་ཞིང་བསང་ལ་ཉི་འོད་ལྷམ་མེར་འཕྲོ་བའི་འོག་ཏུ། གནམ་བདེ་སྒོ་མོ་ཆེའི་མཁར་ནི་རྔམ་བརྗིད་ཆེན་པོས་འགྱིང་ཡོད་ལ། མཁར་གྱང་དམར་པོའི་དཀྱིལ་དུ་བློ་མཐུན་མའོ་ཙེ་ཏུང་གི་སྐུ་པར་ཆེན་པོ་ཞིག་བཀལ་ཡོད། མཁར་སྒོའི་ལྕོག་ཁང་གི་མདའ་གཡབ་འོག་ཏུ་ལྒང་ཞུ་དམར་པོ་བརྒྱད་ཀྱིས་མིག་མདངས་འཕྲོག་ཡོང་ལ། ཤར་ནུབ་ཀྱི་བར་ཁྱམས་སུ་དར་དམར་བརྒྱད་ལྷབ་ལྷུབ་ཏུ་སྐྱོད་བཞིན་ཡོད་པ་ལས་དུས་ཆེན་ལ་དགའ་སྤྲོའི་དཔལ་ཅིག་བསྣན་ཡོད།

གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ། དར་སྐུད་དམར་པོའི་བརྗོད་གཞིའི་ལྗོངས་དབྱིབས་ཆེན་པོ་བརྗིད་ཆགས་ཤིང་ལྟ་ན་སྡུག་ལ། དེས་དམར་པོའི་གཞི་རྒྱུད་ཀྱིས་འདས་མ་ད་གསུམ་གཞི་གཅིག་ཏུ་སྦྲེལ་བ་མཚོན་ཡོད། མི་དམངས་དཔའ་བོའི་དྲན་གསོའི་རྡོ་རིང་མདུན་དུ། རླབས་ཆེ་བའི་གསར་བརྗེའི་སྔོན་བྱོན་པ་སྐུ་ཞབས་སུན་ཀྲུང་ཧྲན་གྱི་སྐུ་པར་ཆེན་པོ་ཞིག་ཀྲོང་ངེར་བསླངས་ཡོད་ལ། རྒྱལ་སྟོན་དང་།  1949  2019སོགས་ཀྱི་ཡིག་འབྲུ་ཆེན་པོ་དག་གསལ་ལེར་མཐོང་ཐུབ།

སྔ་དྲོའི་དུས་ཚོད་དགུ་དང་སྐར་མ་ང་བདུན་གྱི་སྟེང་། དགའ་སྤྲོའི་རོལ་དབྱངས་ཁྲོད་དུ། ཞི་ཅིན་ཕིང་སོགས་ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་པ་གནམ་བདེ་སྒོ་མོ་ཆེའི་མཁར་སྟེང་གི་ཀྲུའུ་ཞིའི་སྟེགས་བུའི་སྟེང་ཕེབས་ནས། ཐང་ཆེན་གྱི་གཟིགས་མོ་སྟེགས་བུའི་སྟེང་གི་ལས་རིགས་སོ་སོའི་འཐུས་ཚབ་པར་ཕྱག་གཡུག་མཛད་པ་ན། ཚོགས་ར་ཡོངས་སུ་འབྲུག་སྒྲ་ལྡིར་བ་ལྟ་བུའི་ཐལ་མོ་རྡེབ་སྒྲས་ཁེངས།

དུས་ཚོད་བཅུའི་སྟེང་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་དངོས་སུ་མགོ་བརྩམས།

ཚང་མ་ཡར་ལངས་པ་དང་། གུས་ལུགས་སྒྱོགས་སྒྲ་ཐེངས་བདུན་ཅུར་གྲགས་པ་དེས་བར་སྣང་གི་སྤྲིན་གྱི་བང་རིམ་བརྟོལ་ལ། རྒྱལ་དར་སྲུང་སྐྱོབ་རུ་ཁག་གི་དཔོན་དམག་གིས་སྐར་ལྔའི་དར་དམར་སྲུང་བཞིན་བརྟན་བརླིང་གི་གོམ་སྟབས་སྤོས་ཏེ་མི་དམངས་དཔའ་བོའི་དྲན་གསོའི་རྡོ་རིང་གི་མདུན་ནས་ཐང་ཆེན་བྱང་ལོགས་ཀྱི་རྒྱལ་དར་སྒྲེང་སར་སྐྱོད། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་མཉམ་འབྲེལ་རོལ་མོ་ཚོགས་པས་རྔམ་བརྗིད་ལྡན་པའི་བློས་བླངས་དམག་གི་མདུན་སྐྱོད་གླུ་གཞས་དཀྲོལ་བ་དང་། ཚོགས་རའི་མི་ཡོངས་ཀྱིས་སྐད་གསང་མཐོན་པོས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུ་བླངས། བཀྲགས་མདངས་འཚེར་བའི་སྐར་ལྔའི་དར་དམར་དལ་གྱིས་བསྒྲེངས་ནས་གནམ་བདེ་སྒོ་མ་ཆེའི་ཐང་ཆེན་གྱི་བར་སྣང་དུ་ལྷབ་ལྷུབ་སྐྱོད།

དེའི་རྗེས་སུ་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གནང་། ཁོང་གིས་ཐོག་མར་ཏང་ཀྲུང་དབྱང་དང་རྒྱལ་ཡོངས་དམངས་ཆེན། རྒྱལ་སྲིད་སྤྱི་ཁྱབ་ཁང་། རྒྱལ་ཡོངས་སྲིད་གྲོས་དང་ཀྲུང་དབྱང་དམག་ཨུ་བཅས་ཀྱི་ཚབ་མཛད་ནས། མི་རིགས་ཀྱི་རང་བཙན་དང་མི་དམངས་ཀྱི་བཅིངས་འགྲོལ། རྒྱལ་ཁབ་ཀྱི་འབྱོར་ཕྱུག མི་དམངས་ཀྱི་བདེ་སྐྱིད་བཅས་ཀྱི་ཆེད་དུ་ཉམས་པ་མེད་པའི་བྱས་རྗེས་བཞག་པའི་གསར་བརྗེའི་སྔོན་རབས་པ་དང་སྔོན་གཤེགས་དཔའ་བོ་རྣམས་རྗེས་སུ་དྲན་པའི་ཚོར་བ་ཟབ་མོ་བསྟན་པ་དང་། རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་དང་རྒྱལ་ཁབ་ཕྱི་ནང་གི་རྒྱལ་གཅེས་སྤུན་ཟླ་རྣམས་ལ་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུས་ལ། ཀྲུང་གོའི་འཕེལ་རྒྱས་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བའི་རྒྱལ་ཁབ་སོ་སོའི་གྲོགས་པོ་རྣམས་ལ་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུས།

ཞི་ཅིན་ཕིང་གིས་གསུང་བཤད་གནང་སྐབས་བསྟན་དོན། ལོ་བདུན་ཅུའི་སྔོན་གྱི་དེ་རིང་། བློ་མཐུན་མའོ་ཙེ་ཏུང་གིས་འདི་ནས་གཟི་ཉམས་དང་བཅས་འཛམ་གླིང་ཡོངས་ལ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་པ་ཁྱབ་བསྒྲགས་གནང་བ་དང་། དུས་དེ་ནས་བཟུང་ཀྲུང་གོ་མི་དམངས་ཡར་ལངས་པ་རེད། རླབས་ཆེ་བའི་དོན་དག་དེས་ཉེ་རབས་ཚུན་གྱི་ལོ་བརྒྱ་ལྷག་གི་རིང་ལ་ཀྲུང་གོ་དབུལ་བོ་ཉམ་ཆུང་ཡིན་པ་དང་གཞན་གྱི་བརྙས་བཅོས་མྱངས་པའི་ལས་དབང་སྡུག་པོ་དེ་རྩ་བ་ནས་བསྒྱུར་བ་དང་། ཀྲུང་ཧྭ་མི་དམངས་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པའི་མདུན་ལམ་ཡངས་པོར་བསྐྱོད་པ་རེད། ལོ་བདུན་ཅུའི་རིང་ལ། རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱིས་བློ་གཅིག་སེམས་གཅིག་དང་དཀའ་སྤྱད་འབད་འཐབ་ཀྱིས་འཛམ་གླིང་ཡ་མཚན་པར་བྱེད་པའི་རླབས་ཆེན་གྲུབ་འབྲས་བླངས་ཡོད། ད་ལྟ་སྤྱི་ཚོགས་རིང་ལུགས་ཀྱི་ཀྲུང་གོ་འཛམ་གླིང་གི་ཤར་ཕྱོགས་སུ་ཀྲོང་ངེར་འགྱིང་ཡོད་པ་དང་། སྟོབས་ཤུགས་གང་གིས་ཀྱང་ང་ཚོའི་རླབས་ཆེ་བའི་མེས་རྒྱལ་གྱི་གོ་གནས་སྒུལ་མི་ཐུབ་ལ། སྟོབས་ཤུགས་གང་གིས་ཀྱང་ཀྲུང་གོ་མི་དམངས་དང་ཀྲུང་ཧྭ་མི་རིགས་ཀྱི་མདུན་སྐྱོད་གོམ་སྟབས་འགོག་མི་ནུས་ཟེར།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། མདུན་སྐྱོད་ཀྱི་བགྲོད་ལམ་སྟེང་དུ། ང་ཚོས་ཀྲུང་གོ་གུང་ཁྲན་ཏང་གི་མགོ་ཁྲིད་དང་། མི་དམངས་ཀྱི་གཙོ་གཞིའི་གོ་གནས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བགྲོད་ལམ་བཅས་རྒྱུན་འཁྱོངས་བྱས་ཏེ། ཏང་གི་རྩ་བའི་གཞུང་ལུགས་དང་རྩ་བའི་ལམ་ཕྱོགས། རྩ་བའི་ཇུས་གཞི་བཅས་ཡོངས་སུ་དོན་འཁྱོལ་ལག་བསྟར་བྱས་ནས། མི་དམངས་ཀྱིས་མཛེས་སྡུག་འཚོ་བར་བཅངས་པའི་རེ་སྒུག་རྒྱུན་མ་ཆད་པར་བསྐོང་དགོས་ལ། ལོ་རྒྱུས་ཀྱི་རླབས་ཆེན་བྱ་གཞག་གསར་པ་རྒྱུན་ཆ་ཆད་པར་བསྐྲུན་དགོས། ང་ཚོས་ཞི་བའི་གཅིག་གྱུར་དང་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་བྱེད་ཕྱོགས་རྒྱུན་འཁྱོངས་ཀྱིས་ཞང་ཀང་དང་ཨོ་མིན་ཡུན་རིང་དར་རྒྱས་གཏན་འཇགས་ཡོང་བར་བྱེད་པ་དང་། མཚོ་འགག་འགྲམ་གཉིས་ཀྱི་འབྲེལ་བ་ཞི་བས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བཏང་ནས། ཀྲུང་ཧྭའི་བུ་དང་བུ་མོ་ཡོངས་ལ་མཐུན་སྒྲིལ་གྱིས་མེས་རྒྱལ་ཡོངས་སུ་གཅིག་གྱུར་བྱེད་ཆེད་མུ་མཐུད་དུ་འབད་འཐབ་བྱེད་དགོས། ང་ཚོས་ཞི་བའི་འཕེལ་རྒྱས་བགྲོད་ལམ་དུ་སྐྱོད་རྒྱུ་རྒྱུན་འཁྱོངས་དང་། གཉིས་ཕན་མཉམ་རྒྱལ་གྱི་སྒོ་འབྱེད་འཐབ་ཇུས་ལག་བསྟར་བྱས་ཏེ། མུ་མཐུད་དུ་འཛམ་གླིང་གི་རྒྱལ་ཁབ་སོ་སོའི་མི་དམངས་དང་མཉམ་དུ་མིའི་རིགས་ཀྱི་ལས་སྐལ་གཞི་གཅིག་ཅན་མཉམ་སྐྲུན་བྱེད་པར་སྐུལ་འདེད་གཏོང་དགོས། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་དང་མི་དམངས་དྲག་ཆས་ཉེན་རྟོག་དམག་དཔུང་གིས་མི་དམངས་དམག་དཔུང་གི་ངོ་བོ་དང་དམིགས་བྱ། ཁྱད་ཆོས་བཅས་དུས་རྟག་ཏུ་སྲུང་འཛིན་གྱིས་རྒྱལ་ཁབ་ཀྱི་བདག་དབང་དང་བདེ་འཇགས། འཕེལ་རྒྱས་ཁེ་ཕན་བཅས་ལ་མཐའ་གཅིག་ཏུ་སྲུང་སྐྱོབ་བྱེད་དགོས་པ་དང་། འཛམ་གླིང་གི་ཞི་བདེ་ལ་མཐའ་གཅིག་ཏུ་སྲུང་སྐྱོབ་བྱེད་དགོས་ཟེར།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོའི་འདས་སོང་ནི་མིའི་རིགས་ཀྱི་ལོ་རྒྱུས་དེབ་ཐེར་དུ་བཀོད་ཡོད་པ་དང་། ཀྲུང་གོའི་ད་ལྟ་ནི་མི་དམངས་དུང་ཕྱུར་མང་པོས་མཉམ་དུ་སྐྲུན་བཞིན་ཡོད་ལ། ཀྲུང་གོའི་མ་འོངས་པ་ནི་སྔར་ལས་མཛེས་སྡུག་ལྡན་ངེས་པས། ཏང་ཡོངས་དང་དམག་ཡོངས། རྒྱལ་ཡོངས་རིགས་སོ་སོའི་མི་དམངས་བཅས་ཀྱིས་མཐུན་སྒྲིལ་སྔར་ལས་དམ་པོས་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་བཅངས་ནས། ང་ཚོའི་མི་དམངས་སྤྱི་མཐུན་རྒྱལ་ཁབ་འདི་མུ་མཐུད་དུ་སྲ་བརྟན་བཟང་པོ་དང་འཕེལ་རྒྱས་བཟང་པོ་བཏང་སྟེ། བརྒྱ་ལོ་གཉིས་ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་ཆེད་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་ཆེད་མུ་མཐུད་དུ་འབད་འཐབ་ལྷོད་མེད་བྱེད་དགོས་ཟེར།

ཞི་ཅིན་ཕིང་གིས་གསུང་བཤད་གནང་ཚར་སྐབས། ཚོགས་ར་ཡོངས་སུ་ཡུན་རིང་བོར་ཐལ་མོ་རྡེབ་སྒྲས་ཁེངས།

དུས་ཚོད་བཅུ་དང་སྐར་མ་བཅོ་ལྔའི་སྟེང་དམག་གཟིགས་མཛད་སྒོ་མགོ་བརྩམས་པ་དང་། དམག་དཔུང་གི་རོལ་མོ་ཚོགས་པས་དམག་གཟིགས་མཛད་སྒོའི་དུང་བརྡ་བུས། ཞི་ཅིན་ཕིང་དར་དམར་རྟགས་ཅན་གྱི་དམག་གཟིགས་རླངས་འཁོར་སྟེང་ནས་ཅིན་ཧྲོས་ཆའོ་ཟམ་པ་བརྒྱུད་དེ་ཁྲང་ཨན་ལམ་དུ་བསྐྱོད། དམག་གཟིགས་མཛད་སྒོའི་སྤྱིའི་བཀོད་འདོམས་པ། འཐབ་ཁུལ་དབུས་མའི་དམག་སྤྱི་དབྱི་ཞའོ་ཀོང་གིས་དམག་གཟིགས་མཛད་སྒོར་ཞུགས་པའི་དམག་དཔུང་གིས་གྲ་སྒྲིག་ལེགས་པོ་བྱས་ཡོད་པ་ཞུ་འབུལ་བྱས་པ་དང་། ཞི་ཅིན་ཕིང་གིས་དམག་གཟིགས་མགོ་རྩོམ་པའི་བཀའ་བབས། ཀྲུང་གོ་གུང་ཁྲན་ཏང་གི་དར་ཆ་དང་ཀྲུང་ཧྭ་མི་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་དར། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་དམག་དར་བཅས་དམག་གཟིགས་དམག་དཔུང་གི་ཆེས་མདུན་གྲལ་ནས་ངོམས་པ་དང་། ཞི་ཅིན་ཕིང་ཏང་དར་དང་རྒྱལ་དར། དམག་དར་བཅས་ཀྱི་མདུན་དུ་ཕེབས་ནས། དར་ཆར་གུས་ལུགས་ཕུལ།

རྔམ་བརྗིད་ལྡན་པའི་དམག་དཔུང་གི་རོལ་དབྱངས་ཁྲོད་དུ། ཞི་ཅིན་ཕིང་གིས་ཁོད་ཡངས་པའི་ཁྲང་ཨན་ལམ་ནས་རིམ་པ་བཞིན་དུ་དམག་དཔུང་གི་རྐང་ཐང་རུ་ཁག་བཅོ་ལྔ་དང་། སྒྲིག་ཆས་རུ་ཁག་སོ་གཉིས་ལ་གཟིགས་ཞིབ་མཛད། དམག་གཟིགས་ལ་ཞུགས་པའི་དཔོན་དམག་ཁྲི་གཅིག་དང་སྟོང་ལྔ་ཙམ་དང་། སྒྲིག་ཆས་ལྔ་བརྒྱ་དང་བརྒྱད་ཅུ་ཙམ་ཡོད་ལ། འདི་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་བསྐྱོད་པའི་རྒྱལ་སྟོན་དམག་གཟིགས་ཐོག་མ་ཡིན་ལ། སྤྱི་མཐུན་རྒྱལ་ཁབ་ཀྱི་དྲག་ཆས་སྟོབས་ཤུགས་བཅོས་སྒྱུར་བསྐྱར་འཛུགས་བྱས་རྗེས་ཡོངས་ཁྱབ་ཏུ་ཀུན་གྱི་མིག་མདུན་དུ་ངོམ་ཐེངས་ཐོག་མ་ཡང་རེད།

གཟིགས་ཞིབ་མཛད་ཚར་རྗེས། ཞི་ཅིན་ཕིང་གནམ་བདེ་སྒོ་མོ་ཆེའི་མཁར་སྟེང་དུ་ཕེབས།

དུས་ཚོད་བཅུ་དང་སྐར་མ་ཞེ་གསུམ་སྟེང་། བར་སྣང་ནས་དར་སྲུང་གནམ་གྲུ་རུ་ཁག་གིས་སྣ་དྲངས་པ་དང་བསྟུན་ནས་དམག་གཟིགས་ཀྱི་དམག་རིགས་རྣམ་འབྱེད་མཛད་སྒོའི་མགོ་བརྩམས། གྱེན་འཕུར་གནམ་གྲུ་གསུམ་གྱི་སྟེང་སོ་སོར་ཀྲུང་གོ་གུང་ཁྲན་ཏང་གི་དར་ཆ་དང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་དར། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་དམག་དར་བཅས་བཀལ་ཡོད་ལ། གྱེན་འཕུར་གནམ་གྲུ་གཞན་པ་ཡང་སྐོར་ཁག་བགོས་ཏེ་གནམ་བདེ་སྒོ་མོ་ཆེའི་བར་སྣང་ནས་འཕུར།

གནམ་བདེ་སྒོ་མོ་ཆེའི་མདུན་ནས། གཟབ་སྦྲེང་རུ་ཁག་དག་གིས་ཏང་དར་དང་རྒྱལ་དར། དམག་དར་བཅས་སྒྲེང་བཞིན་ཁྲང་ཨན་ལམ་ཤར་མ་བརྒྱུད་ནས་གོམ་སྟབས་ཆེན་པོས་ཐོན། མགོ་ཁྲིད་བཀོད་འདོམས་རུ་ཁག་དང་སྐམ་དམག་རུ་ཁག མཚོ་དམག་རུ་ཁག མཁའ་དམག་རུ་ཁག། མེ་ཤུགས་འཕུར་མདའ་དམག་གི་རུ་ཁག་བཅས་ཀྱི་མི་དམངས་དམག་དཔུང་གི་དུས་རབས་ཀྱི་སྣང་བརྙན་མཚོན་ཡོད། འཐབ་ཇུས་རོགས་སྐྱོར་དམག་དཔུང་གི་རུ་ཁག་དང་མཉམ་འབྲེལ་མཁོ་སྒྲུབ་འགན་སྲུང་དམག་དཔུང་གི་རུ་ཁག སློབ་གླིང་དང་ཚན་རིག་ཞིབ་འཇུག་རུ་ཁག ཞི་བའི་ལས་དོན་པའི་རུ་ཁག་བཅས་ཐེངས་དང་པོར་རྒྱལ་སྟོན་དམག་གཟིགས་ལ་ཞུགས་ཏེ། བཅོས་སྒྱུར་དམག་སྐྱེད་ཀྱི་རྣམ་པ་གསར་པ་ངོམས། དྲག་ཆས་ཉེན་རྟོག་དམག་དཔུང་གི་རུ་ཁག་དང་བུད་མེད་དམག་དཔུང་གི་རུ་ཁག གྲ་སྒྲིག་དམག་ཞབས་དམག་དཔུང་གི་རུ་ཁག བདེ་སྲུང་དམག་དཔུང་གི་རུ་ཁག་བཅས་ཀྱང་དམག་གཟིགས་ལ་ཞུགས།

དམག་གཟིགས་ལ་ཞུགས་པའི་སྒྲིག་ཆས་རུ་ཁག་སོ་གཉིས་ཀྱི་ནང་དུ་སྐམ་ས་འཐབ་འཛིང་དང་མཚོ་ཐོག་འཐབ་འཛིང་། མཁའ་ཟོན་འཕུར་མདའ་འགོག་རྒོལ། ཆ་འཕྲིན་འཐབ་འཛིང་། ཁ་ལོ་བ་མེད་པའི་གནམ་གྲུའི་འཐབ་འཛིང་། མཁོ་སྒྲུབ་འགན་སྲུང་། འཐབ་ཇུས་རྒོལ་རྡུང་བཅས་རུ་ཁག་བདུན་ཏུ་བགོས་ཡོད་ལ། ཐེངས་འདིར་དམག་གཟིགས་ལ་ཞུགས་པའི་སྒྲིག་ཆས་ཚང་མ་ཀྲུང་གོ་རང་གིས་བཟོས་པ་ཡིན་ཞིང་བརྒྱ་ཆའི་བཞི་བཅུ་ནི་ཐེངས་དང་པོར་བསྟན་པ་རེད།

དམག་གཟིགས་ལ་ཞུགས་པའི་དམག་དཔུང་གི་ཉམས་འགྱུར་བཟང་ཞིང་རྔམ་བརྗིད་ཆེ་བ་མཐོང་བས། ཞི་ཅིན་ཕིང་སོགས་མགོ་ཁྲིད་བློ་མཐུན་གྱིས་ཐལ་མོ་ཡང་དང་ཡང་དུ་བརྡེབས་པ་དང་། ལྟད་མོར་ཕེབས་པའི་ལས་རིགས་སོ་སོའི་འཐུས་ཚབ་པ་རྣམས་ཀྱིས་དགའ་བསུ་ཆེན་པོ་བྱས།

དུས་ཚོད་བཅུ་གཅིག་དང་སྐར་མ་སོ་གཉིས་སྟེང་། ཐང་ཆེན་གྱི་གློག་ཤེལ་ངོས་སུ་རླབས་ཆེ་བའི་ཀྲུང་གོ་མི་དམངས་ཁྲི་ལོར་བརྟན་པར་ཤོག  རླབས་ཆེ་བའི་ཀྲུང་གོ་གུང་ཁྲན་ཏང་ཁྲི་ལོར་བརྟན་པར་ཤོག  རླབས་ཆེ་བའི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཁྲི་ལོར་བརྟན་པར་ཤོག་ཅེས་པ་སོགས་ཀྱི་བསྒྲགས་ཡིག་ཤར་བ་དང་། ཡུལ་དངོས་ནས་གླུ་དབྱངས་མཉམ་ལེན་ཚོགས་པས་ཀྲུང་གོ་དེ་རིང་ནི་ཁྱེད་ཀྱི་སྐྱེས་སྐར་རེད་ཅེས་པའི་གླུ་དབྱངས་བླངས་པ་དང་བསྟུན་ནས། སེམས་ཤུགས་གཅིག་མཐུན་གྱིས་ཀྲུང་གོའི་ཕུགས་འདུན་མཉམ་སྐྲུན་བྱེད་ཅེས་པ་བརྗོད་གཞི་ཡིན་པའི་མང་ཚོགས་ཀྱི་ཁྲོམ་སྐོར་དངོས་སུ་མགོ་བརྩམས།

ཁྲོམ་སྐོར་ནི་རྒྱལ་བཙུགས་ལས་བསྐྲུན་དང་བཅོས་སྒྱུར་སྒོ་འབྱེད། རླབས་ཆེན་བསྐྱར་དར་བཅས་ལེའུ་གསུམ་དུ་བགོས་ཡོད་ལ། མང་ཚོགས་འབུམ་གཅིག་དང་ཚོན་ལྡན་རླངས་འཁོར་བདུན་ཅུས་གྲུབ་པའི་རུ་ཁག་སོ་དྲུག་གིས་ཀྲུང་གོ་གུང་ཁྲན་ཏང་གིས་ཏང་ཡོངས་དང་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ། ཡར་ལངས་པ་ནས་ཕྱུག་པོར་གྱུར་པ་དང་། སྟོབས་ལྡན་དུ་གྱུར་པའི་རླབས་ཆེན་ལོ་རྒྱུས་མཚོན་པར་བྱས་པ་དང་། ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ལ་བཅངས་པའི་སེམས་ཁོང་རུས་པའི་གཏིང་གི་བསྟོད་པ་དང་བརྩེ་སེམས་མཚོན་པར་བྱས།

མང་ཚོགས་ཀྱི་ཁྲོམ་སྐོར་མཇུག་སྒྲིལ་ལ་ཉེ་སྐབས། ཆེས་མཐའ་མཇུག་གི་རུ་ཁག་མེས་རྒྱལ་ཁྲི་ལོར་ཤོག་ཅེས་པ་གནམ་བདེ་སྒོ་མོ་ཆེའི་ཕྱོགས་སུ་བསྐྱོད། ང་དང་ང་ཡི་མེས་རྒྱལ། ཡུད་ཙམ་ཡང་ཁ་འབྲལ་ཐབས་མེད་ཅེས་པའི་སྙན་འཇེབས་ཀྱི་གླུ་གཞས་དང་། ཡིད་དབང་འགུག་པའི་གར་སྟབས། རྣམ་པར་གྲོལ་བའི་འཛུམ་མདངས་ལས་མ་ཡུམ་མེས་རྒྱལ་ལ་སྤྲོ་བ་རབ་ཏུ་འཁོལ་བའི་བསྟོད་གླུ་དང་བཀྲ་ཤིས་གཡང་དུ་འཁྱིལ་བའི་སྨོན་འདུན་ཕུལ།

ཞི་བདེའི་ཕུག་རོན་ཁྲི་བདུན་དང་དབུགས་ལྒང་ཁྲི་བདུན་བར་སྣང་དུ་བཏང་བ་དང་བསྟུན་ནས། མེས་རྒྱལ་ལ་བསྟོད་གླུ་འབུལ་ཞེས་པའི་དགའ་སྤྲོའི་གླུ་སྒྲ་ཐང་ཆེན་ཧྲིལ་པོར་ཁྱབ་པ་དང་། ཁྲོམ་སྐོར་བྱེད་པའི་མང་ཚོགས་ཀྱིས་དགའ་འབོད་བྱས་ཏེ་གནམ་བདེ་སྒོ་མོ་ཆེའི་ཕྱོགས་སུ་གུས་ལུགས་ཕུལ་བ་དང་། ཞི་ཅིན་ཕིང་སོགས་ཀྱིས་ལས་རིགས་སོ་སོའི་མང་ཚོགས་ལ་ཕྱག་བརྡ་བསྟན། གནམ་བདེ་སྒོ་མོ་ཆེའི་མཁར་གྱི་སྟེང་འོག་ཏུ་བརྩེ་སེམས་ཀྱི་ཟམ་པས་སྦྲེལ་བ་དང་། ཐང་ཆེན་ཕྱི་ནང་ཀུན་ཏུ་དགའ་སྤྲོའི་ཡོ་ལང་རྒྱས་ཏེ། ཚང་མས་མཉམ་དུ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ལོ་བདུན་ཅུའི་སྐྱེས་སྐར་ལ་རྟེན་འབྲེལ་ཞུས་པ་དང་། ཚང་མས་མཉམ་དུ་ཀྲུང་གོ་དང་འཛམ་གླིང་གི་མ་འོངས་པ་སྔར་ལས་མཛེས་སྡུག་གིས་ཁེངས་པའི་སྨོན་འདུན་ཞུས།

རྟེན་འབྲེལ་ཞུ་བའི་ཚོགས་ཆེན་དུས་ཚོད་གཉིས་དང་སྐར་མ་བཞི་བཅུའི་རིང་ལ་བསྡུས་ནས། དུས་ཚོད་བཅུ་གཉིས་དང་སྐར་མ་བཞི་བཅུའི་སྟེང་ཕུན་སུམ་ཚོགས་པའི་ངང་གྲོལ།