མཚོ་སྔོན་བཅིངས་འགྲོལ་བྱས་ནས་ལོ་འཁོར་བདུན་ཅུ་ལོན་པར་རྟེན་འབྲེལ་ཞུ་བའི་གཞུང་ལུགས་བཞུགས་མོལ་ཚོགས་འདུ་ཟི་ལིང་ནས་བསྡུས།
2019.10.13 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 45

ཟླ་བཅུ་བའི་ཚེས་བཅུ་གཉིས་ཉིན། མཚོ་སྔོན་བཅིངས་འགྲོལ་བྱས་ནས་ལོ་འཁོར་བདུན་ཅུ་ལོན་པར་རྟེན་འབྲེལ་ཞུ་བའི་གཞུང་ལུགས་བཞུགས་མོལ་ཚོགས་འདུ་ཟི་ལིང་ནས་བསྡུས་ཤིང་།  མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ཀྲང་ཞི་མེན་ཚོགས་འདུར་ཞུགས་ནས་གཏམ་བཤད་པ་དང་། ཀའོ་ཧྭ་དང་ཀྲང་ལིས། ཏུའུ་ཅེ། ཝང་ཞོན་བཅས་ཚོགས་འདུར་ཞུགས།

ཚོགས་ཐོག་ནས་འཐབ་མོ་བ་རྒན་པ་དང་བློ་མཐུན་རྒན་པའི་འཐུས་མི་བཅུ་གཉིས་དང་ཏང་སྲིད་དམག་དམངས་ལས་བྱེད་པ་བཅས་ཀྱི་འཐུས་མི། དམངས་གཙོའི་ཏང་ཁག ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣའི་འཐུས་མི་བཅས་དང་། སྔོན་ཐོན་དཔེ་སྟོན་མི་སྣ། ཆེད་མཁས་པ། ཟི་ལིང་གྲོང་ཁྱེར་སོགས་ཀྱི་འཐུས་མིས་སྔ་གཞུག་བྱས་ཏེ་གཏམ་བཤད། ཁོ་ཚོས་རང་སྟེང་གི་ཉམས་མྱོང་གཞིར་བཟུང་ནས། ལོ་ངོ་བདུན་ཅུའི་རིང་གི་གནམ་ས་བླ་འོག་བརྗེ་བ་ལྟ་བུའི་མཚོ་སྔོན་གྱི་འགྱུར་ལྡོག་ལྷུག་པོར་གླེང་བ་ལས་གཞན། ཐོབ་དཀའ་བའི་ཉམས་མྱོང་སྤྱི་སྡོམ་བྱས་ཏེ། རེ་སྨོན་གྱིས་ཁེངས་པའི་མ་འོངས་པར་རྒྱང་ལྟ་བྱས།

གྲོས་ཚོགས་ལས་བསྟན་དོན། ལོ་ངོ་བདུན་ཅུའི་རིང་ལ། ཏང་གི་འགོ་ཁྲིད་བརྟན་པོའི་འོག་ཏུ། མཚོ་སྔོན་གྱིས་ཐོག་མཐའ་བར་གསུམ་ཀུན་ཏུ་མེས་རྒྱལ་དང་ལས་དབང་གཅིག་མཐུན་དང་དུས་རབས་དང་གོམ་པ་མཉམ་སྤོ་བྱས་ནས། དཔལ་འབྱོར་དང་ཆབ་སྲིད། རིག་གནས། སྤྱི་ཚོགས། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན། ཏང་འཛུགས་བཅས་ཀྱི་ཐད་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཆེན་པོ་བླངས་ཡོད་ཅིང་། ལོ་ངོ་བདུན་ཅུའི་འཕེལ་རྒྱས་ལག་ལེན་གྱིས་ང་ཚོ་ལ་ཐོག་མཐའ་བར་གསུམ་ཀུན་ཏུ་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་དང་། ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པ་རྒྱུན་འཁྱོངས་བྱེད་པ། འཕེལ་རྒྱས་དེ་ལས་འགན་ཨང་དང་པོར་བརྩི་རྒྱུ་རྒྱུན་འཁྱོངས་བྱེད་པ། སྐྱེ་ཁམས་སྲུང་སྐྱོབ་སྔོན་དུ་འགྲོ་བ་རྒྱུན་འཁྱོངས་བྱེད་པ། བཅོས་སྒྱུར་དང་སྒོ་འབྱེད་གསར་གཏོད་རྒྱུན་འཁྱོངས་བྱེད་པ། དུས་རབས་གསར་པ་དང་མཚོ་སྔོན་གསར་པའི་སྙིང་སྟོབས་དར་སྤེལ་རྒྱུན་འཁྱོངས་བཅས་བྱས་པ་ཡིན་ན། གཞི་ནས་མཚོ་སྔོན་གྱི་བྱ་གཞག་ཡོད་ཚད་ལ་འོད་སྟོང་གསར་པ་རྒྱུན་ཆད་མེད་པར་སྣོན་ཐུབ་པ་མངོན་བསྒྲགས་བྱས་ཡོད་ཟེར།

གྲོས་ཚོགས་ལས་ནན་གྱིས་བསྟན་དོན། དུས་རབས་གསར་པ་དང་རྒྱང་སྐྱོད་ལམ་བུ་གསར་པར་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ཁྲིད་སྟོན་དུ་འཛིན་པ་དང་། “འདུ་ཤེས་བཞི”དང “ཡིད་རྟོན་བཞི” སྔར་ལས་ཇེ་བརྟན་དུ་གཏོང་བ། “སྲུང་སྐྱོང་བྱེད་པ་དགོས་པ་གཉིས”བཟང་པོར་བསྒྲུབ་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“ཏན་ཏན་ཏིག་ཏིག་བཞིའི”བླང་བྱ་གལ་ཆེན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ། “ལྔ་བཞིའི་འཐབ་ཇུས”ལག་བསྟར་གཏིང་ཟབ་བྱེད་པ། “སྔོན་འགྲོག་གཅིག་དང་སྤུས་ལེགས་གཉིས”ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ་བཅས་ལ་འབད་དེ། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པའི་ཀྲུང་གོའི་ཕུགས་འདུན་ལས་མཚོ་སྔོན་གྱི་ལེའུ་ཡག་པོ་རྩོམ་དགོས་ཟེར།