མཚོ་སྔོན་ཞིང་ཆེན་གྱི་ཀུན་སྤྱོད་དཔེ་ལེགས་ཅན་དང་ཆེས་མཛེས་པའི་འབད་འཐབ་པའི་བཞུགས་མོལ་ཚོགས་འདུ་ཟླ་བཅུ་གཅིག་པའི་ཚེས་བཅུ་བཞི་ཉིན་ཟི་ལིང་ནས་ཚོགས། ཚོགས་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་སྐབས་བདུན་པའི་ཀུན་སྤྱོད་དཔེ་ལེགས་ཅན་དང་ཆེས་མཛེས་པའི་འབད་འཐབ་པའི་གཟེངས་བསྟོད་བྱ་འགུལ་ཐད་གནང་བའི་མཆན་བཀོད་མཛུབ་སྟོན་གལ་ཆེན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་། ཀྲུང་དབྱང་དྲིལ་སྒྲོག་པུའུ་སོགས་ཀྱི་རྒྱལ་ཡོངས་སྐབས་བདུན་པའི་ཀུན་སྤྱོད་དཔེ་ལེགས་ཅན་དང་མིང་བཏགས་བྱ་དགའ། ཆེས་མཛེས་པའི་འབད་འཐབ་པར་གཟེངས་བསྟོད་བྱེད་པའི་སྐོར་གྱི་ཐག་གཅོད་སྒྲོག་འདོན་བྱས་ལ། རྒྱལ་ཡོངས་སྐབས་བདུན་པའི་ཀུན་སྤྱོད་དཔེ་ལེགས་ཅན་གྱི་བཞུགས་མོལ་ཚོགས་འདུ་དང་ཆེས་མཛེས་པའི་འབད་འཐབ་པའི་གཟེངས་བསྟོད་ཚོགས་ཆེན་གྱི་དགོངས་དོན་བརྒྱུད་སྒྲོག་བྱས། མཚོ་སྔོན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཅན་ཅུན་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལིག་ཉིང་གཉིས་ཀྱིས་ཚོགས་འདུ་མ་འཚོགས་གོང་དུ་ཀུན་སྤྱོད་དཔེ་ལེགས་ཅན་དང་ཆེས་མཛེས་པའི་འབད་འཐབ་པའི་གཟེངས་རྟགས་ཐོབ་མཁན་གྱི་འཐུས་ཚབ་པར་འཚམས་འདྲི་བྱས་པ་མ་ཟད། ཁོ་ཚོར་རྟེན་འབྲེལ་ཞུས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ཀྲང་ཞི་མེན་ཐུག་འཕྲད་ལ་ཞུགས་པར་མ་ཟད་བཞུགས་མོལ་ཚོགས་འདུའི་སྟེང་གཏམ་བཤད། ཧྲིན་ཀྲང་གཞོན་པ་ཀྲང་ལིས་གོང་གི་བྱ་འགུལ་ལ་ཞུགས།
ཝང་ཅན་ཅུན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀུན་སྤྱོད་དཔེ་ལེགས་ཅན་ལ་གདེང་འཇོག་ཚད་མཐོན་པོ་མཛད་པ་དང་། ཆེས་མཛེས་པའི་འབད་འཐབ་པར་སྐུལ་མ་བཏང་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱས་ཏེ། གོམས་སྲོལ་བཟང་བོ་དར་སྤེལ་གཏོང་བ་དང་ལག་ལེན་གསར་བར་སྣེ་ཁྲིད་བྱེད་དགོས་ཟེར། ཁོས་བཤད་རྒྱུར། རྒྱལ་གཅེས་ནི་སྤྱི་དམངས་ཀྱི་གཤིས་རྒྱུད་ཡིན་ལ། ཚང་མར་ཐོབ་པའི་མཚན་སྙན་ནི་ཁྱིམ་ཚང་དང་ཕ་ཡུལ། སྤྱི་ཚོགས་ལ་ཕུལ་བའི་ལེགས་སྐྱེས་ཡིན་པ་དང་། མེས་རྒྱལ་ལ་དགའ་ཞེན་བྱེད་པའི་མཚོན་རྟགས་དང་རྒྱལ་གཅེས་རིང་ལུགས་ཀྱི་བསམ་བློའི་མཚོན་རྟགས་ཡིན། ཀུན་སྤྱོད་ནི་ཡ་རབས་ཀྱི་འགོ་ཚུགས་ས་ཡིན་ལ། ཀུན་སྤྱོད་ནི་ཡ་རབས་གཤིས་རྒྱུད་ཀྱི་རྨང་གཞི་ཡིན་པ་དང་། མི་ཡ་རབས་ཅན་ལ་ཆེས་དམའ་བའི་ཀུན་སྤྱོད་ཀྱི་འགོ་ཚུགས་ས་ཡོད་དགོས། མི་ཚེའི་རིན་ཐང་ནི་སྤྱི་ཚོགས་ལ་བྱས་རྗེས་འཇོག་རྒྱུ་དེ་ཡིན་ལ། མི་ཚེའི་རིན་ཐང་མངོན་འགྱུར་བྱེད་ན་ཏན་ཏན་ཏིག་ཏིག་གིས་བྱ་བ་སྒྲུབ་ནས། རྗེས་རབས་པ་དང་སྤྱི་ཚོགས་ལ་མིག་དཔེ་བཟང་བོ་ཞིག་སྟོན་དགོས་ཟེར།
ཝང་ཅན་ཅུན་གྱིས་ནན་གྱིས་བསྟན་དོན། ཞིང་ཆེན་གོང་འོག་ཡོངས་ཀྱིས་ཀུན་སྤྱོད་དཔེ་ལེགས་ཅན་དང་ཆེས་མཛེས་པའི་འབད་འཐབ་པར་སློབ་སྦྱོང་བྱེད་པ་དང་། ཁོ་ཚོའི་ལུས་སྟེང་ནས་མཚོ་སྔོན་ལ་དགའ་བ་དང་མཚོ་སྔོན་འཛུགས་སྐྲུན་བྱེད་པ། མཚོ་སྔོན་ལ་བྱས་རྗེས་འཇོག་པའི་སེམས་ཤུགས་བསྡུ་ལེན་བྱེད་པ་དང་། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པའི་བྱ་བ་བཟང་བོར་སྒྲུབ་པ། ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་མཇུག་བསྡུ་བའི་བྱ་བ་བཟང་བོར་སྒྲུབ་པ། ཏང་བཙུགས་ནས་ལོ་འཁོར་བརྒྱ་ལོན་པའི་སྐབས་སུ་སྔོན་ཐོན་དཔེ་ལེགས་ཅན་མང་པོ་སྐྱེད་སྲིང་བྱས་ཏེ། རབ་མཛེས་མཚོ་སྔོན་ལ་གཟི་བརྗིད་བརྩོན་ལེན་བྱེད་དགོས་ཟེར།
ལིག་ཉིང་གིས་བཤད་རྒྱུར། ཀུན་སྤྱོད་དཔེ་ལེགས་ཅན་དང་ཆེས་མཛེས་པའི་འབད་འཐབ་པ་ནི་བླ་མེད་ཀུན་སྤྱོད་ཀྱི་ལག་བསྟར་པ་དང་། ཡ་རབས་སྲོལ་བཟང་གི་སྲུང་སྐྱོབ་པ། མཛེས་སྡུག་འཚོ་བའི་གསར་སྐྲུན་པ་ཡིན་ལ། རྒྱལ་ཁབ་དང་ཁྱིམ་ཚང་ལ་བཅངས་པའི་བརྩེ་སེམས་དང་འབབ་འཐབ་ཀྱི་སྙིང་སྟོབས། ཡ་རབས་ཀྱི་གཤིས་རྒྱུད་མངོན་པར་བྱས་ཡོད་པ་དང་། མཚན་སྙན་ལེན་རྒྱུ་དེ་ལས་སླ་མོ་ཞིག་མིན་པར་ཧ་ཅང་རྩ་ཆེ་བ་ཞིག་ཡིན་པས། ཚང་མས་མཚན་སྙན་ལ་གཅེས་སྤྲས་བྱེད་པ་དང་། དཔེ་སྟོན་གྱི་སྣེ་ཁྲིད་ནུས་པ་འདོན་སྤེལ་བྱེད་པ། མུ་མཐུད་དུ་སྲོལ་བཟང་དང་དྲང་ཕྱོགས་ཀྱི་ནུས་པ་དར་སྤེལ་གཏོང་བ། སྤྱི་ཚོགས་ཡོངས་ཡར་ཐོན་ཡོང་བར་སྐུལ་འདེད་བཏང་སྟེ། ཀུན་སྤྱོད་བཟང་བོའི་ཉི་འོད་ཀྱིས་རིགས་སོ་སོའི་མི་དམངས་ལ་དྲོད་ཁོལ་སྦྱིན་པ་དང་ཡ་རབས་སྲོལ་བཟང་མཚོ་སྔོན་གྱི་ག་ས་གང་དུ་ཁྱབ་པར་བྱེད་དགོས་ཟེར།
ཀྲུང་ཞི་མེན་གྱིས་ནན་གྱིས་བསྟན་དོན། ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་སྤྱི་དམངས་ཀྱི་བསམ་བློ་ཀུན་སྤྱོད་འཛུགས་སྐྲུན་གཏིང་ཟབ་ཏུ་སྤེལ་བའི་སྐོར་གྱི་ཇུས་ཆོད་བཀོད་སྒྲིག་སློབ་སྦྱོང་ནན་མོ་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཀུན་སྤྱོད་དཔེ་ལེགས་ཅན་དང་ཆེས་མཛེས་པའི་འབད་འཐབ་པའི་སློབ་སྦྱོང་དྲིལ་སྒྲོག་བྱ་འགུལ་གཏིང་ཟབ་ཏུ་སྤེལ་བ། ཀུན་སྤྱོད་དཔེ་ལེགས་ཅན་དང་ཆེས་མཛེས་པའི་མི་སྣ། ཉེ་འགྲམ་གྱི་མི་བཟང་དྲིལ་སྒྲོག་ཤུགས་ཆེར་བྱེད་པ། ཕྱོགས་བསྡུས་སྒོས་ལམ་ལུགས་ཚད་གཞི་དང་ལག་བསྟར་སྐྱེད་སྲིང་། གླེང་ཕྱོགས་སྣེ་ཁྲིད་སོགས་བྱེད་ཐབས་སྣ་མང་སྤྱད་དེ། ཀུན་སྤྱོད་འཛུགས་སྐྲུན་བྱེད་པ་དང་འབད་འཐབ་ཀྱི་རྣམ་པ་རྒྱུན་འཁྱོངས་བྱེད་པ་དང་། སྤྱི་ཚོགས་ཀྱི་ཁོར་ཡུག་བཟང་བོ་བསྐྲུན་དགོས་ཟེར།
རྒྱལ་ཡོངས་སྐབས་བདུན་པའི་ཀུན་སྤྱོད་དཔེ་ལེགས་ཅན་ལིས་ཧོང་ཀྲན་དང་རྒྱལ་ཡོངས་སྐབས་བདུན་པའི་ཀུན་སྤྱོད་དཔེ་ལེགས་ཅན་གྱི་མིང་བཏགས་བྱ་དགའ་ཐོབ་མཁན་ཝང་ཞའོ་ཅུན། རྒྱལ་ཡོངས་ཀྱི་ཆེས་མཛེས་པའི་འབད་འཐབ་པའི་མཚན་སྙན་ཐོབ་མཁན་གུ་གྲགས། རྒྱལ་ཡོངས་སྐབས་དྲུག་པའི་ཀུན་སྤྱོད་དཔེ་ལེགས་ཅན་པའེ་ཡོང་ཧའོ། མཐོ་རིམ་སློབ་གྲྭའི་སློབ་མའི་འཐུས་ཚབ་པ་དང་གསར་འགྱུར་སྨྱན་བྱད་ཀྱི་འཐུས་ཚབ་མི་སྣ་བཅས་ཀྱིས་བཞུགས་མོལ་ཚོགས་འདུའི་སྟེང་གཏམ་བཤད།