མཚོ་སྔོན་ཞིང་ཆེན་བུད་མེད་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གསུམ་པ་ཞིང་ཆེན་གྲོས་ཚོགས་ལྟེ་གནས་ནས་ཚོགས་འགོ་བརྩམས་པ་དང་ཝང་ཅན་ཅུན་དང་ཝུའུ་ཧེ་དབྱིན་གཉིས་ཀྱིས་གཏམ་བཤད།
2019.11.20 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 12

ཟླ་བཅུ་གཅིག་པའི་ཚེས་བཅུ་དགུ་ཉིན་གྱི་སྔ་དྲོར། མཚོ་སྔོན་ཞིང་ཆེན་བུད་མེད་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གསུམ་པ་ཞིང་ཆེན་གྲོས་ཚོགས་ལྟེ་གནས་ནས་ཚོགས་འགོ་བརྩམས།

རིགས་སོ་སོ་དང་ལས་རིགས་སོ་སོ་ནས་ཡོང་བའི་བུད་མེད་འཐུས་མི་སུམ་བརྒྱ་དང་བརྒྱད་ཅུ་ལྷན་འཛོམས་བྱུང་སྟེ་འདས་པའི་ལོ་ལྔའི་རིང་ལ་བླངས་པའི་རླབས་ཆེན་གྲུབ་འབྲས་ལ་ཕྱིར་དྲན་བྱས་པ་དང་། མ་འོངས་པའི་ལོ་ལྔའི་བུད་མེད་དང་བྱིས་པའི་ལས་དོན་འཕེལ་རྒྱས་ཇུས་གཞི་ལ་གྲོས་སྡུར་བྱས།

མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཅན་ཅུན་དང་རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ། ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཝུའུ་ཧེ་དབྱིན་གཉི་ཀ་ཚོགས་ཆེན་ལ་ཞུགས་པར་མ་ཟད་གཏམ་བཤད། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལིག་ཉིང་དང་ཞིང་ཆེན་གྱི་འགོ་ཁྲིད་པ་ཝང་ཞོ་དང་ཐིན་ཅ་ཚེ། ཀྲང་ཞི་མེན། ལིས་ཅེ་ཞང་། ཡན་ཅིན་ཧེ། ཝང་ཡུས་ཡན། ཡུས་ཚོང་ལི། མ་ཅི་ཞོ། ཀའོ་ཧྭ། མ་ཧེ་དབྱིན་སོགས་ཚོགས་ཆེན་ལ་ཞུགས་ནས་རྟེན་འབྲེལ་ཞུས།

ཝང་ཅན་ཅུན་གྱིས་གཏམ་བཤད་སྐབས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་དམངས་ཆེན། ཞིང་ཆེན་སྲིད་གཞུང་། ཞིང་ཆེན་སྲིད་གྲོས་བཅས་ཀྱི་ཚབ་བྱས་ཏེ་ཚོགས་ཆེན་ཚོགས་པར་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུས་པ་དང་། ཚོགས་ཆེན་ལ་ཞུགས་པའི་འཐུས་མི་སོ་སོ་དང་དེ་མིན་ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་བུད་མེད་བྱ་བ་སྒྲུབ་མཁན་ལ་ལྷག་བསམ་རྣམ་དག་སྒོས་འཚམས་འདྲི་ཞུས། ཁོས་བཤད་རྒྱུར། མཚོ་སྔོན་ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་བཙུགས་ནས་ལོ་རེ་བརྒྱད་ལོན་པ་དང་ལྷག་པར་དུ་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། ཞིང་ཆེན་ཡོངས་ཀྱི་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་རྒྱ་ཆེའི་བུད་མེད་རྣམས་ལ་འགོ་ཁྲིད་དེ་བློ་བརྟན་འགྱུར་མེད་སྒོས་ཏང་གི་གསུང་ལ་ཉན་ཞིང་ཏང་གི་དྲིན་ཚོར་བ་དང་ཏང་གི་རྗེས་སུ་འབྲངས་ཏེ།  ལས་རིགས་སོ་སོ་དང་ཁྱབ་ཁོངས་སོ་སོ་ནས་དཀའ་སྤྱད་འབད་བརྩོན་དང་གསར་གཏོད་བརྩོན་ལེན་བྱས་ནས་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་ཐད་ལ་བྱས་རྗེས་གལ་ཆེན་བཞག་པས། གནམ་ཕྱེད་ཀའི་ནུས་པ་དེར་ཞིང་ཆེན་ཡོངས་ཀྱི་གོང་འོག་ཀུན་ཏུ་ཁས་ལེན་ཐོབ་པ་དང་གདེང་འཇོག་ཆེན་པོ་ཐོབ་པར་མ་ཟད། དུས་རབས་གསར་བའི་བུད་མེད་ལས་དོན་གསར་སྐྲུན་དང་འཕེལ་རྒྱས་ཐད་ལ་རིན་ཐང་བྲལ་བའི་ཉམས་མྱོང་བསགས་པ་དང་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་སྐབས་བརྗེ་དང་འགོ་ཁྲིད་ཚན་ཁག་གི་གསར་རྙིང་བརྗེ་སོར་བྱ་བར་རྨང་གཞི་བརྟན་པོ་བཏིངས་ཟེར།

ཝང་ཅན་ཅུན་གྱིས་བསྟན་དོན། བུད་མེད་བྱ་བ་ནི་ཏང་གི་མང་ཚོགས་བྱ་བའི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་དང་བུད་མེད་བྱ་བ་བཟང་བོར་བསྒྲུབ་པར་དོན་སྙིང་གལ་ཆེན་ལྡན། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བཟུང་སྟེ། བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་བྱ་བའི་འགོ་ཁྲིད་ལ་ཤུགས་སྣོན་དང་ལེགས་སྒྱུར་བྱེད་པ་དང་། བུད་མེད་མཉམ་འབྲེལ་ལྷན་ཚོགས་དང་རྒྱ་ཆེའི་བུད་མེད་རྣམས་ཀྱིས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་པོ་བྱས་ཏེ། བུད་མེད་མཉམ་འབྲེལ་ལྷན་ཚོགས་རྩ་འཛུགས་དང་རྒྱ་ཆེའི་བུད་མེད་ཀྱིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལས་དོན་ཁྲོད་དུ་ཐུན་མོང་མ་ཡིན་པའི་ཁྱད་སྟོབས་དང་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་བུད་མེད་ལས་དོན་སྔར་ལས་གོང་འཕེལ་དུ་འགྲོ་བར་སྐུལ་འདེད་གཏོང་དགོས། སྐབས་གསར་བའི་ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་འགོ་ཁྲིད་ཚན་ཁག་གིས་བསམ་བློ་དང་བྱ་སྤྱོད་གཉིས་ཀ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་སྐབས་གསར་བའི་འགོ་ཁྲིད་ཚན་ཁག་གི་ཁོངས་མི་ལ་གཅིག་བསྡུས་སྒོས་གླེང་མོལ་བྱེད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སྟེང་གཅིག་གྱུར་བྱས་ཏེ། དུས་རབས་གསར་བའི་ཞིང་ཆེན་ཡོངས་ཀྱི་བུད་མེད་ལས་དོན་ཐད་ལ་རྣམ་པ་གསར་བ་མུ་མཐུད་དུ་གསར་སྐྲུན་བྱེད་དགོས་ཟེར།

ཝུའུ་ཧེ་དབྱིན་གྱིས་རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚབ་བྱས་ཏེ་ཚོགས་ཆེན་ཚོགས་པར་རྟེན་འབྲེལ་ཞུས། ཁོ་མོས་བཤད་རྒྱུར། མཚོ་སྔོན་ཞིང་ཆེན་ཏང་ཨུ་ཡིས་ཕོ་མོ་འདྲ་མཉམ་སོགས་ཀྱི་གཞི་རྩའི་རྒྱལ་ཇུས་ནན་ཏན་སྒོས་ལག་བསྟར་དང་དངོས་འབེབས་བྱས་ཏེ། བུད་མེད་ཀྱི་ཁྱོན་ཡོངས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་བུད་མེད་ལ་བདེ་སྐྱིད་སྐྲུན་པར་ཡར་སྐུལ་བྱེད་རྒྱུ་དེ་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པའི་ནང་དོན་གལ་ཆེན་དུ་བཞག་པ་དང་། མཚོ་སྔོན་ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་བཅོས་སྒྱུར་ཇུས་གཞི་གཏན་འཁེལ་བྱས་ཏེ། དུས་རབས་གསར་བའི་མཚོ་སྔོན་གྱི་བུད་མེད་བྱ་བ་དང་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་བཅོས་སྒྱུར་གསར་སྐྲུན་འཕེལ་རྒྱས་ཐད་ལ་སྟོབས་དང་ལྡན་པའི་འགན་སྲུང་འདོན་སྤྲོད་བྱས། རིམ་པ་སོ་སོའི་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་བྱས་པ་དང་དཀྱིལ་སྙིང་ལ་དམིགས་ཤིང་ཁྱོན་ཡོངས་ལ་ཞབས་ཕྱི་བསྒྲུབས་པ་དང་། གཞི་རིམ་ལ་རྐང་བཙུགས་པ་དང་བུད་མེད་ལ་ཞབས་ཕྱི་བསྒྲུབས་པ། བཅོས་སྒྱུར་ཟབ་སྤེལ་དང་རྨང་གཞི་སྲ་བརྟན་དུ་བཏང་ནས། མཚོ་སྔོན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་ལ་བྱས་རྗེས་ཆེན་པོ་བཞག་པར་མ་ཟད། རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཁོངས་གཏོགས་ཀྱི་བྱ་བ་དང་བཅོས་སྒྱུར་ཐད་ལ་རིན་ཐང་བྲལ་བའི་ཉམས་མྱོང་བསགས་ཟེར།

ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱི་འགན་འཁུར་བས་མི་དམངས་ཚོགས་པའི་ཚབ་བྱས་ཏེ་ཚོགས་ཆེན་ལ་ཤིས་ཚིག་ཕུལ་བ་དང་ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་འཁུར་བས་ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་སྐབས་བཅུ་གཉིས་པའི་ལག་བསྟར་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ཏེ་སྙན་ཞུ་ཕུལ།

ཚོགས་ཆེན་གྱི་སྔོན་ལ། ཝང་ཅན་ཅུན་དང་ཝུའུ་ཧེ་དབྱིན། ལིག་ཉིང་སོགས་ཀྱིས་ཚོགས་འདུར་ཞུགས་པའི་འཐུས་མི་ལ་འཚམས་འདྲི་བྱས་པར་མ་ཟད་ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་ལོ་ལྔའི་རིང་ལ་བླངས་པའི་གྲུབ་འབྲས་ལ་ལྟ་ཞིབ་བྱས།