ཞི་ཅིན་ཕིང་གིས་སྨི་ཁེ་རོ་ནི་ཞི་ཡ་རྒྱལ་ཕྲན་མཉམ་འབྲེལ་གྱི་ཙུང་ཐུང་ཕ་ནོའུ་ཨེ་ལོ་དང་གྲོས་མོལ་མཛད།
2019.12.13 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 33

ཟླ་བཅུ་གཉིས་པའི་ཚེས་བཅུ་གསུམ་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་སྨི་ཁེ་རོ་ནི་ཞི་ཡ་རྒྱལ་ཕྲན་མཉམ་འབྲེལ་གྱི་ཙུང་ཐུང་ཕ་ནོའུ་ཨེ་ལོ་དང་གྲོས་མོལ་མཛད།

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་སྨི་ཁེ་རོ་ནི་ཞི་ཡ་རྒྱལ་ཕྲན་མཉམ་འབྲེལ་ཕྱོགས་གཉིས་ཀྱིས་རིམ་པ་སོ་སོའི་བར་གྱི་འབྲེལ་འདྲིས་དང་འགྲོ་འོང་སྲུང་འཛིན་བྱེད་པ་དང་རྒྱལ་ཁབ་གཉིས་ཀྱི་སྲིད་གཞུང་སྡེ་ཁག་དང་ཁྲིམས་འཛུགས་སྒྲིག་གཞིའི་བར་གྱི་བརྗེ་རེས་རྒྱ་བསྐྱེད་ཅིང་ཆབ་སྲིད་ཡིད་ཆེས་ཇེ་བརྟན་དུ་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས་སྔོན་ཆད་དང་འདྲ་བར་སྨི་ཁེ་རོ་ནི་ཞི་ཡ་རྒྱལ་ཕྲན་མཉམ་འབྲེལ་རྒྱལ་ཁབ་རང་གི་གནས་ཚུལ་དང་མཐུན་པའི་འཕེལ་རྒྱས་བགྲོད་ལམ་དུ་བསྐྱོད་པར་བརྩི་འཇོག་བྱེད་པ་དང་། སྨི་ཁེ་རོ་ནི་ཞི་ཡ་རྒྱལ་ཕྲན་མཉམ་འབྲེལ་གྱིས་རྒྱལ་ཁབ་རང་བཙན་སྲུང་སྐྱོབ་བྱེད་པ་དང་རྒྱལ་ཁབ་ཀྱི་འཕེལ་རྒྱས་ལ་འབད་བརྩོན་བྱེད་པར་རྒྱབ་སྐྱོར་བྱེད་ངེས་ཡིན། ཕྱོགས་གཉིས་ཀྱིས་ཁྱད་སྟོབས་ཁ་གསབ་བྱེད་པ་དང་ཧུར་ཐག་སྒོས་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བྱེད་པའི་སྤྱི་ཁོག་ནང་དུ་ཉོ་ཚོང་དངུལ་གཏོང་དང་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན། གནས་སྐོར་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་བསྐྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་མུ་མཐུད་དུ་སྟོབས་ཤུགས་ཡོད་རྒུ་བཏོན་ནས་སྨི་ཁེ་རོ་ནི་ཞི་ཡ་རྒྱལ་ཕྲན་མཉམ་འབྲེལ་ལ་དཔལ་འབྱོར་ལག་རྩལ་ཕྱོགས་ཀྱི་རོགས་སྐྱོར་འདོན་སྤྲོད་བྱེད་པར་མ་ཟད། ཕྱོགས་གཉིས་བར་དུ་འབྲེལ་འདྲིས་དང་གཞོགས་འདེགས་དམ་པོ་བྱས་ཏེ་ནམ་ཟླའི་འགྱུར་ལྡོག་སོགས་ཀྱི་གནད་དོན་གལ་ཆེན་ཐད་ནས་མཐུན་སྦྱོར་བཟང་བོ་བྱེད་འདོད་ཡོད་ཟེར།

ཕ་ནོའུ་ཨེ་ལོ་ཡིས་བཤད་རྒྱུར། སྨི་ཁེ་རོ་ནི་ཞི་ཡ་རྒྱལ་ཕྲན་མཉམ་འབྲེལ་གྱིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་མིའི་རིགས་ཀྱི་ལས་སྐལ་ཕུང་བོ་གཅིག་དྲིལ་ཅན་གསར་སྐྲུན་བྱེད་པའི་གྲོས་འགོ་བཏོན་པ་དང་དེ་མིན་ཀྲུང་གོས་འཛམ་གླིང་གི་ཞི་བདེ་དང་བརྟན་འཇགས་ལ་སྐུལ་འདེད་གཏོང་བར་ནུས་པ་གལ་ཆེན་བཏོན་པར་གཟེངས་བསྟོད་བྱེད་པ་ཡིན། སྨི་ཁེ་རོ་ནི་ཞི་ཡ་རྒྱལ་ཕྲན་མཉམ་འབྲེལ་དང་ཀྲུང་གོའི་བར་འབྲེལ་བ་བཙུགས་ནས་ལོ་སུམ་ཅུའི་རིང་ལ། རྒྱལ་ཁབ་གཉིས་བར་གྱི་མཉམ་ལས་ཀྱིས་སྨི་ཁེ་རོ་ནི་ཞི་ཡ་རྒྱལ་ཕྲན་མཉམ་འབྲེལ་རྒྱལ་ཁབ་དང་མི་དམངས་ལ་ཁེ་ཕན་ངོ་མ་བསྐྲུན། སྨི་ཁེ་རོ་ནི་ཞི་ཡ་རྒྱལ་ཕྲན་མཉམ་འབྲེལ་ཕྱོགས་ཀྱིས་རྒྱལ་ཁབ་གཉིས་བར་གྱི་དཔལ་འབྱོར་ཉོ་ཚོང་དང་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན། ཞིང་ལས། སློབ་གསོ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ་དང་། ཧུར་ཐག་སྒོས་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་ཁྲོད་དུ་ཞུགས་ནས། ཕྱོགས་གཉིས་བར་གྱི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར།

གྲོས་མོལ་མ་མཛད་པའི་སྔོན་ལ། ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ཚོམས་ཁང་བྱང་མ་རུ་དགའ་བསུ་ཞུ་བའི་མཛད་སྒོ་བསྡུས་ཏེ་སྨི་ཁེ་རོ་ནི་ཞི་ཡ་རྒྱལ་ཕྲན་མཉམ་འབྲེལ་གྱི་ཙུང་ཐུང་ཕ་ནོའུ་ཨེ་ལོ་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲིར་ཡོང་བར་བསུ་མ་བྱས།