མཚོ་སྔོན་ཞིང་ཆེན་སྲིད་གཞུང་དང་ཞིང་ཆེན་རིམ་པའི་མང་ཚོགས་ཚོགས་པའི་མཉམ་འབྲེལ་གྲོས་ཚོགས་ཟི་ལིང་ནས་བསྡུས།
2019.12.20 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 37

མཚོ་སྔོན་ཞིང་ཆེན་སྲིད་གཞུང་དང་ཞིང་ཆེན་རིམ་པའི་མང་ཚོགས་ཚོགས་པའི་མཉམ་འབྲེལ་གྲོས་ཚོགས་ཟླ་བཅུ་གཉིས་པའི་ཚེས་བཅུ་དགུ་ཉིན་ཟི་ལིང་ནས་བསྡུས། ཚོགས་ཐོག་ནས་ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཏང་གི་མང་ཚོགས་ཚོགས་པའི་བྱ་བར་ཤུགས་སྣོན་པ་དང་ལེགས་བསྒྱུར་བྱེད་པའི་སྐོར་གྱི་བཀོད་སྒྲིག་རེ་བ་ལག་བསྟར་གཏིང་ཟབ་བྱས་པ་ད་ང། ཞིང་ཆེན་སྲིད་གཞུང་དང་མང་ཚོགས་ཚོགས་པའི་བྱ་བའི་གནས་ཚུལ་ཁྱབ་བསྒྲགས་བྱས་ལ། ཞིང་ཆེན་རིམ་པའི་མང་ཚོགས་ཚོགས་པའི་ཞིང་ཆེན་སྲིད་གཞུང་གིས་མཐུན་སྦྱོར་ཐག་གཅོད་བྱེད་དགོས་པའི་གནད་དོན་ལ་ཞིབ་འཇུག་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལིག་ཉིང་གྲོས་ཚོགས་ལ་ཞུགས་ནས་གཏམ་བཤད་པ་དང་། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱི་ཀྲུའུ་ཞི་མཱ་ཅི་ཞའོ་ཡིས་ཞིང་ཆེན་ཡོངས་ཀྱི་མང་ཚོགས་ཚོགས་པའི་བྱ་བའི་ཐད་ནས་རེ་བ་བཏོན། ཧྲིན་ཀྲང་གཞོན་པ་ཐེན་ཅིན་ཁྲིན་གྲོས་ཚོགས་ལ་ཞུགས་པ་དང་། ཧྲིན་ཀྲང་གཞོན་པ་ལིག་ཐའོ་ཡིས་གྲོས་ཚོགས་ལ་འགོ་མཛིན་བྱས།

ཚོགས་ཐོག་ནས། ཞིང་ཆེན་སྤྱིའི་བཟོ་ཚོགས་དང་གུང་གཞོན་ཚོགས་པ་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་། ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས། ཞིང་ཆེན་ཚན་རིག་ལག་རྩལ་མཐུན་ཚོགས། ཞིང་ཆེན་རྩོམ་རིག་སྒྱུ་རྩལ་ལྷན་ཚོགས། ཞིང་ཆེན་རྒྱ་གྲམ་དམར་པོ་ཚོགས་པ། ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཞིང་ཆེན་ཕྱིར་སྡོད་རང་མི་མཉམ་འབྲེལ་ལྷན་ཚོགས་སོགས་མང་ཚོགས་ཚོགས་པའི་རྩ་འཛུགས་བཅས་ཀྱི་འགན་ཁུར་བློ་མཐུན་གྱིས་བྱ་བའི་གནས་ཚུལ་ངོ་སྤྲོད་བྱས་པ་དང་། སྲིད་གཞུང་གི་མཐུན་སྦྱོར་ཐག་གཅོད་བྱེད་དགོས་པའི་དཀའ་ཁག་གནད་དོན་ཕྱིར་བཏོན་ལ། ཞིང་ཆེན་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག་གིས་རེ་རེ་བཞིན་ལན་བཏབ།

ལིག་ཉིང་གིས་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ནས་ད་ལོའི་ཚུན་དུ་མང་ཚོགས་ཚོགས་པའི་རྩ་འཛུགས་ཀྱིས་བླངས་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས་པ་དང་། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་མང་ཚོགས་ཚོགས་པའི་རྩ་འཛུགས་དང་མང་ཚོགས་ཚོགས་པའི་ལས་བྱེད་པས་འབད་འཐབ་ལྷོད་མེད་བྱས་པར་བཀའ་དྲིན་ཞུས། ཁོས་བསྟན་དོན། མང་ཚོགས་ཚོགས་པའི་རྩ་འཛུགས་ནི་ཏང་དང་སྲིད་གཞུང་གིས་རྒྱ་ཆེའི་མང་ཚོགས་ལ་འབྲེལ་འདྲིས་བྱེད་པའི་ཟམ་ཐག་ལྟ་བུ་དང་། དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་བ་དང་དམངས་ཚིས་ལེགས་བསྒྱུར་ལ་འགན་སྲུང་བྱེད་པ། སྤྱི་ཚོགས་གཏན་འཇགས་ལ་སྐུལ་འདེད་གཏོང་བའི་ཐད་ནས་མེད་དུ་མི་རུང་བའི་སྟོབས་ཤུགས་གལ་ཆེན་ཡིན་པས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་གི་མང་ཚོགས་ཚོགས་པའི་བྱ་བར་ཤུགས་སྣོན་པ་དང་ལེགས་བསྒྱུར་བྱེད་པའི་རྣམ་བཤད་གལ་ཆེན་སློབ་སྦྱོང་གཏིང་ཟབ་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། བསམ་བློ་དང་འགུལ་སྐྱོད་གཉིས་ཏང་ཀྲུང་དབྱང་གི་མང་ཚོགས་ཚོགས་པའི་བྱ་བའི་ཇུས་ཆོད་བཀོད་སྒྲིག་སྟེང་གཅིག་གྱུར་བྱས་ཏེ། མང་ཚོགས་ཚོགས་པའི་རྩ་འཛུགས་ཀྱི་ཆབ་སྲིད་རང་བཞིན་དང་སྔོན་ཐོན་རང་བཞིན། མང་ཚོགས་རང་བཞིན་རྒྱུན་མ་ཆད་པར་ཇེ་དྲག་ཏུ་གཏོང་དགོས། མང་ཚོགས་ཚོགས་པའི་བྱ་བར་དོ་སྣང་ཆེན་པོ་བྱེད་པ་དང་། ཆབ་སྲིད་གླེང་བའི་མཐོ་ཚད་ནས། དུས་རབས་གསར་བར་མང་ཚོགས་ཚོགས་པའི་བྱ་བ་བཟང་བོར་བསྒྲུབ་པའི་གལ་ཆེན་རང་བཞིན་ལ་ངོས་འཛིན་གཏིང་ཟབ་བྱེད་པ་དང་། མང་ཚོགས་ཚོགས་པའི་རྩ་འཛུགས་ཀྱི་དགེ་མཚན་འདོན་སྤེལ་བྱས་ཏེ། ཏང་གི་སྲིད་འཛིན་གཞི་རྩ་སྲ་བརྟན་དུ་གཏོང་བ་དང་ཏང་གི་མང་ཚོགས་ཚོགས་པའི་རྨང་གཞི་ཇེ་བརྟན་དུ་གཏོང་དགོས། མང་ཚོགས་ཚོགས་པའི་བྱ་བར་རྒྱབ་སྐྱོར་བྱེད་པ་དང་། རིམ་པ་སོ་སོའི་སྲིད་གཞུང་དང་སྲིད་གཞུང་གི་སྡེ་ཁག་སོ་སོས་རང་འགུལ་གྱིས་མང་ཚོགས་ཚོགས་པའི་རྩ་འཛུགས་བར་གྱི་བརྗེ་རེས་མཉམ་ལས་ལ་ཤུགས་སྣོན་པ་དང་། སྲིད་གཞུང་དང་མང་ཚོགས་ཚོགས་པའི་རྩ་འཛུགས་ཀྱི་འབྲེལ་འདྲིས་གྲོས་ཚོགས་ལམ་ལུགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། སྲིད་ཇུས་ལག་བསྟར་བྱེད་པ་དང་རྒྱབ་སྐྱོར་ཇེ་དྲག་ཏུ་གཏོང་བ། གྲོས་མོལ་བྱས་ནས་སྐུལ་འདེད་གཏོང་བ་དང་བསྒྲུབ་ཐུབ་པའི་བྱ་བ་དུས་ཐོག་ཏུ་བསྒྲུབ་པ། མཉམ་དུ་ཤུགས་སྤྱོད་པ་དང་ཉེ་རིང་ཟུང་འབྲེལ་བྱེད་པ། དགོས་མཁོ་ལ་བརྩི་མཐོང་བྱེད་པ་དང་ཞན་ཆར་ཁ་གསབ་བྱེད་པ། ཧུར་ཐག་གིས་སྲིད་གཞུང་གིས་སྣེ་ཁྲིད་མཐུན་སྦྱོར་བྱེད་པ་དང་མང་ཚོགས་ཚོགས་པས་རྩ་འཛུགས་འཁོར་སྐྱོད་བྱེད་པ། སྡེ་ཁག་དེའི་ཁྲོད་ཞུགས་པ། མཉམ་དུ་གྲོས་མོལ་བྱས་ནས་གནད་དོན་ཐག་གཅོད་པའི་ཕན་ཡོད་རྐྱེན་སྲོལ་གྲུབ་པར་བྱས་ཏེ། མང་ཚོགས་ཚོགས་པའི་རྩ་འཛུགས་ཀྱིས་བྱ་བ་སྔར་ལས་བཟང་བོར་བསྒྲུབ་པའི་ཐད་ཤུགས་ཡོད་ཀྱི་འགན་སྲུང་འདོན་སྤྲོད་བྱེད་དགོས་ཟེར།

མཱ་ཅི་ཞའོ་ཡིས་བཤད་རྒྱུར། ཐེངས་འདིའི་གྲོས་ཚོགས་ཀྱིས་མང་ཚོགས་ཚོགས་པ་དང་མང་ཚོགས་ཚོགས་པའི་ལས་བྱེད་པར་རྒྱབ་སྐྱོར་དང་སྐུལ་སློང་བྱས་པ་དང་། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་མང་ཚོགས་ཚོགས་པའི་རྩ་འཛུགས་ཀྱིས་འགན་ནུས་ཀྱི་དགེ་མཚན་འདོན་སྤེལ་བྱེད་པ་དང་། ཁག་ཁུར་བྱེད་ཕོད་པར་བྱས་ནས། ལས་བཟོ་བའི་དཔུང་སྡེའི་འཆམ་མཐུན་གཏན་འཇགས་རྒྱུན་འཁྱོངས་བྱེད་པ་དང་དབུལ་ཐར་མཁྲེགས་གཏོར་གྱི་རྒྱལ་ཁ་ལེན་པར་སྐུལ་འདེད་གཏོང་བ། ལས་ཞུགས་ལས་སྐྲུན་བྱ་བ་བརྟན་བརླིང་གིས་བསྒྲུབ་པ། མང་ཚོགས་ཚོགས་པས་མཉམ་སྡེབ་སྒོས་མཐུན་སྦྱོར་ངང་ཞིང་ཆེན་ཡོངས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ཕྱི་ཕྱོགས་མཉམ་ལས་བརྗེ་རེས་ལ་ཤུགས་སྣོན་པ། མཉམ་འཛུགས་མཉམ་སྐྱོང་མཉམ་སྤྱོད་ཁྲོད་ཞུགས་པ་སོགས་ཕྱོགས་ནས་བྱས་རྗེས་སྔར་ལས་ཆེན་པོ་འཇོག་དགོས་ཟེར།