ཨོ་མིན་ཕྱིར་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་ཉི་ཤུ་ལོན་པར་རྟེན་འབྲེལ་ཞུ་བ་དང་ཨོ་མིན་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྐབས་ལྔ་བའི་སྲིད་གཞུང་གི་འགན་བཞེས་མཛད་སྒོ་བསྡུས་པ་དང་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་།
2019.12.21 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 40


ཨོ་མིན་ཕྱིར་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་ཉི་ཤུ་ལོན་པར་རྟེན་འབྲེལ་ཞུ་བ་དང་ཨོ་མིན་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྐབས་ལྔ་བའི་སྲིད་གཞུང་གི་འགན་བཞེས་མཛད་སྒོ་ཚེས་ཉི་ཤུ་ཉིན་གྱི་སྔ་དྲོར་ཨེ་ཤ་ཡ་ཤར་མའི་ལུས་རྩལ་འགྲན་ཚོགས་ཀྱི་ལུས་རྩལ་ཁང་དུ་བསྡུས་པ་དང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་གི་ཀྲུའུ་ཞི་ཞི་ཅིན་ཕིང་འགན་བཞེས་མཛད་སྒོར་ཞུགས་པར་མ་ཟད་གསུང་བཤད་གལ་ཆེན་གནང་། 


ཨོ་མིན་ཕྱིར་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་ཉི་ཤུ་ལོན་པར་རྟེན་འབྲེལ་ཞུ་བ་དང་ཨོ་མིན་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྐབས་ལྔ་བའི་སྲིད་གཞུང་གི་འགན་བཞེས་མཛད་སྒོ་ཚེས་ཉི་ཤུ་ཉིན་གྱི་སྔ་དྲོར་ཨེ་ཤ་ཡ་ཤར་མའི་ལུས་རྩལ་འགྲན་ཚོགས་ཀྱི་ལུས་རྩལ་ཁང་དུ་བསྡུས་པ་དང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་གི་ཀྲུའུ་ཞི་ཞི་ཅིན་ཕིང་འགན་བཞེས་མཛད་སྒོར་ཞུགས་པར་མ་ཟད་གསུང་བཤད་གལ་ཆེན་གནང་། ཁོང་གིས་བསྟན་དོན། ཨོ་མིན་ཕྱིར་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་ཉི་ཤུ་ལོན་པའི་རིང་ལ། ཨོ་མིན་དམིགས་བསལ་སྲིད་འཛིན་ས་ཁུལ་སྲིད་གཞུང་དང་སྤྱི་ཚོགས་ཀྱི་ལས་རིགས་སོ་སོའི་མི་སྣས་སེམས་ཤུགས་གཅིག་སྒྲིལ་བྱས་ཏེ་ཨོ་མིན་ལོ་རྒྱུས་སྟེང་དུ་ཆེས་བཟང་བའི་འཕེལ་རྒྱས་རྣམ་པ་གསར་སྐྲུན་བྱས་པ་དང་། ཨོ་མིན་གྱི་ཁྱད་ཆོས་ལྡན་པའི་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་སྲིད་ཇུས་ལག་བསྟར་བྱས་ནས་གྲུབ་འབྲས་བཟང་བོ་བསྐྲུན། ཨོ་མིན་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྐབས་གསར་བའི་སྲིད་གཞུང་དང་སྤྱི་ཚོགས་ཀྱི་ལས་རིགས་སོ་སོའི་མི་སྣས་རྒྱང་ལ་དམིགས་ཤིང་བདེ་སྡོད་ཉེན་བསམ་བྱེད་པ་དང་། དྲང་འཛིན་གསར་སྐྲུན་དང་དངོས་གཉེར་བྱ་བ་དམ་འཛིན་བྱས་ཏེ། ད་ཡོད་གྲུབ་འབྲས་ཀྱི་རྨང་གཞིའི་སྟེང་ཨོ་མིན་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་འཛུགས་སྐྲུན་ལས་དོན་སྣ་ཚོགས་སྔར་ལས་གོང་འཕེལ་དུ་འགྲོ་བར་སྐུལ་འདེད་གཏོང་དགོས་ཟེར།

ཉིན་དེའི་སྔ་དྲོའི་དུས་ཚོད་བཅུའི་སྟེང་། རྟེན་འབྲེལ་ཞུ་བའི་ཚོགས་ཆེན་དང་འགན་བཞེས་མཛད་སྒོ་དངོས་སུ་འགོ་བརྩམས་པ་དང་། ཚང་མ་ཡར་ལངས་ཏེ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུ་བླངས།

ཞི་ཅིན་ཕིང་ཀྲུའུ་ཞི་སྟེགས་བུའི་སྟེང་ཕེབས་ཏེ་འགན་བཞེས་དམ་བཅའ་འཇོག་པར་ལྟ་སྐུལ་བྱས་པ་དང་ཧི་དབྱི་ཁྲིན་གྱིས་ཐོག་མར་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་དར་དང་ཨོ་མིན་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་དར་ཆའི་མདུན་དུ་འགན་བཞེས་དམ་བཅའ་བཞག དམ་བཅའ་བཞག་རྗེས་ཞི་ཅིན་ཕིང་གིས་ཧི་དབྱི་ཁྲིན་ལ་ཕྱག་འཇུ་གནང་། དེར་མཐུད་ནས་ཞི་ཅིན་ཕིང་གིས་འགན་བཞེས་དམ་བཅའ་འཇོག་པར་ལྟ་སྐུལ་བྱས་པ་དང་། ཨོ་མིན་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྐབས་ལྔ་བའི་སྲིད་གཞུང་གི་དཔོན་རིགས་གཙོ་བོས་ཧི་དབྱི་ཁྲིན་གྱི་སྣེ་ཁྲིད་འོག་འགན་བཞེས་དམ་བཅའ་བཞག དམ་བཅའ་བཞག་རྗེས་ཞི་ཅིན་ཕིང་གིས་ཁོ་ཚོར་ཕྱག་འཇུ་གནང་། དེའི་རྗེས་སུ་ཧི་དབྱི་ཁྲིན་གྱིས་འགན་བཞེས་དམ་བཅའ་འཇོག་པར་ལྟ་སྐུལ་བྱས་པ་དང་། ཨོ་མིན་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྲིད་འཛིན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་གྱིས་འགན་བཞེས་དམ་བཅའ་བཞག

ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་། ཁོང་གིས་ཐོག་མར་ཀྲུང་དབྱང་སྲིད་གཞུང་དང་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཀྱི་ཚབ་མཛད་དེ་ཨོ་མིན་སྡོད་དམངས་ཡོངས་ལ་ལྷག་བསམ་རྣམ་དག་སྒོས་འཚམས་འདྲི་ཞུས་ཤིང་། གསར་དུ་འགན་བཞེས་པའི་ཨོ་མིན་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྲིད་འཛིན་དཔོན་པོ་ལྔ་བ་ཧི་དབྱི་ཁྲིན་དང་སྐབས་ལྔ་བའི་སྲིད་གཞུང་གི་དཔོན་རིགས་གཙོ་བོ་དང་སྲིད་འཛིན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་རྣམས་ལ་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུས་ཤིང་། ཨོ་མིན་གྱི་འཕེལ་རྒྱས་ཐད་ལ་སེམས་ཁུར་དང་རྒྱབ་སྐྱོར་བྱས་པའི་རྒྱལ་ཁབ་ཕྱི་ནང་གི་སྤུན་ཟླ་དང་རྒྱལ་སྤྱིའི་གྲོགས་པོ་རྣམས་ལ་ལྷག་བསམ་རྣམ་དག་སྒོས་བཀའ་དྲིན་ཆེ་ཞུས།

ཞི་ཅིན་ཕིང་གིས་བསྟན་དོན། ཨོ་མིན་གྱི་ས་ཁུལ་ཆུང་རུང་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་སྲིད་ཇུས་ལག་ལེན་ཁྲོད་དུ་དམིགས་བསལ་ནུས་པ་བཏོན། ཨོ་མིན་གྱིས་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཡོད་པ་བདེ་བླག་ངང་ལག་ལེན་བྱས་པར་སྤྱི་བསྡོམས་བྱས་ན་ཉམས་མྱོང་གལ་ཆེན་བཞི་ཐོབ་ཡོད། གཅིག དུས་དང་རྣམ་པ་ཀུན་ཏུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་ལམ་ལུགས་རང་རྟོན་ཇེ་བརྟན་དུ་སོང་བ་དང་། གཉིས། དུས་དང་རྣམ་པ་ཀུན་ཏུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་ཡང་དག་པའི་ཁ་ཕྱོགས་གསལ་བོར་ངེས་པར་བྱས། གསུམ། དུས་དང་རྣམ་པ་ཀུན་ཏུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་འགན་འཁྲིའི་ཁག་ཁུར་ནུས་པ་ཇེ་ཆེར་བཏང་། བཞི། དུས་དང་རྣམ་པ་ཀུན་ཏུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་སྤྱི་ཚོགས་ཆབ་སྲིད་རྨང་གཞི་སྲ་བརྟན་དུ་བཏང་།

ཞི་ཅིན་ཕིང་གིས་ཨོ་མིན་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྐབས་གསར་བའི་སྲིད་གཞུང་ལ་རེ་བ་བཞི་བཏོན། གཅིག བབ་བསྟུན་མདུན་སྐྱོད་རྒྱུན་འཁྱོངས་བྱས་ཏེ་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་བཅོས་སྐྱོང་ཆུ་ཚད་སྔར་ལས་མཐོར་འདེགས་སུ་གཏོང་དགོས། གཉིས། གསར་གཏོད་གསར་སྐྲུན་རྒྱུན་འཁྱོངས་བྱས་ཏེ་དཔལ་འབྱོར་རྒྱུན་མཐུད་སྒོས་འཕེལ་རྒྱས་སུ་འགྲོ་བར་སྔར་ལས་སྐུལ་འདེད་གཏོང་དགོས། གསུམ། མི་གཙོར་འཛིན་པ་རྒྱུན་འཁྱོངས་བྱས་ཏེ་དམངས་ཚིས་ལེགས་བཅོས་དང་འགན་སྲུང་བྱེད་དགོས། བཞི། བཟོད་སྒོམ་མཉམ་རོགས་བྱས་ཏེ་སྤྱི་ཚོགས་འཆམ་མཐུན་དང་བརྟན་འཇགས་ཡོང་བར་སྐུལ་འདེད་གཏོང་དགོས་ཟེར།

ཧི་དབྱི་ཁྲིན་གྱིས་ཤིས་ཚིག་འབུལ་སྐབས་བཤད་རྒྱུར། ཨོ་མིན་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྲིད་འཛིན་དཔོན་པོ་ལྔ་བ་ཡིན་པའི་ཆ་ནས་བདག་གི་འགན་འཁྲི་ལ་གཟི་བརྗིད་ལྡན་ཞིང་ལས་འགན་ཧ་ཅང་ལྕི་བ་ཡིན། ང་ཚོས་མཉམ་ལས་འབད་འཐབ་དང་སྒྱུར་བཅོས་གསར་སྐྲུན་བྱེད་པ་སྐབས་གསར་བའི་སྲིད་གཞུང་གི་སྲིད་ཇུས་ལག་བསྟར་འདུ་ཤེས་སུ་བཟུང་སྟེ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཡོད་པའི་བྱེད་ཕྱོགས་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ་དང་། རྩ་ཁྲིམས་དང་གཞི་རྩའི་བཅའ་ཁྲིམས་ལྟར་ལས་དོན་བསྒྲུབ་པ་དང་། རྒྱལ་ཁབ་ཀྱི་བདག་དབང་དང་བདེ་འཇགས། འཕེལ་རྒྱས་ཁེ་ཕན་སྲུང་སྐྱོབ་བཟང་བོ་བྱེད་པར་མ་ཟད་སྔར་ལས་ཆེ་བའི་སྤོབས་པ་དང་བབ་བསྟུན་མདུན་སྐྱོད་ཀྱི་སྒྱུར་བཅོས་གསར་སྐྲུན་ནུས་པར་བརྟེན་ནས་ཨོ་མིན་གྱི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་ལས་དོན་སྣ་ཚོགས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་ངེས་ཡིན། ཀྲུང་དབྱང་སྲིད་གཞུང་གི་རྒྱབ་སྐྱོར་དང་མཛུབ་སྟོན་འོག་ཏུ་ཨོ་མིན་ཅིས་ཀྱང་མེས་རྒྱལ་ནང་ལོགས་ས་ཁུལ་དང་མཉམ་དུ་དར་རྒྱས་གོང་འཕེལ་དུ་འགྲོ་བ་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་ཐུབ་པར་བདག་ལ་ཡིད་ཆེས་ཡོད་ཟེར།

ཏེན་ཞེའོ་ཞང་དང་ཝང་ཁྲིན། ཀྲང་ཡུག་ཞ། ཝང་དབྱི། མ་པེའོ་སོགས་རྟེན་འབྲེལ་ཚོགས་ཆེན་དང་འགན་བཞེས་མཛད་སྒོར་ཞུགས།