ཀྲུང་དབྱང་ཞིང་སྡེ་བྱ་བའི་གྲོས་ཚོགས་པེ་ཅིན་ནས་ཚོགས།
2019.12.22 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 26

ཀྲུང་དབྱང་ཞིང་སྡེ་བྱ་བའི་གྲོས་ཚོགས་ཟླ་བཅུ་གཉིས་པའི་ཚེས་ཉི་ཤུ་ཉིན་ནས་ཚེས་ཉེར་གཅིག་ཉིན་བར་པེ་ཅིན་ནས་ཚོགས། ཚོགས་འདུས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་ཁྲིད་དུ་བྱས་པ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་ཐེངས་གསུམ་པ། ཐེངས་བཞི་བའི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱས་ལ། ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་བྱས་པ་དང་། མིག་སྔའི་ཞིང་གསུམ་བྱ་བའི་མདུན་དུ་ལྷགས་པའི་གནས་བབ་དང་ལས་འགན་ལ་དབྱེ་ཞིབ་བྱས་པ་མ་ཟད། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པ་དང་དབུལ་ཐར་མཁྲེགས་གཏོར་གྱི་རྒྱལ་ཁ་ལེན་པར་དམིགས་ཏེ། 2020ལོའི་ཞིང་གསུམ་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་བྱས།

ཚོགས་ཐོག་ནས་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཉེ་སྔོན་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་གྲོས་ཚོགས་སྟེང་ཆེད་དུ་ཞིང་གསུམ་བྱ་བར་ཞིབ་འཇུག་བྱེད་སྐབས་གནང་བའི་གསུང་བཤད་གལ་ཆེན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས། ཞི་ཅིན་ཕིང་གིས་བསྟན་དོན། འབྱོར་འབྲིང་ཡོངས་འགྲུབ་བྱེད་ཐུབ་མིན་གྱི་གནད་འགག་མང་ཚོགས་ལ་ཐུག་ཡོད། དབུལ་ཐར་གྱི་སྤུས་ཚད་དང་འབྱོར་འབྲིང་གི་གྲུབ་ཚད་ཅི་འདྲ་ཡིན་པ་དེ་ཚད་ཆེན་པོའི་སྟེང་ནས་སང་ལོའི་ཞིང་གསུམ་བྱ་བའི་གྲུབ་འབྲས་ལ་བལྟ་དགོས། མཐའ་གཅིག་ཏུ་དབུལ་ཐར་མཁྲེགས་གཏོར་གྱི་རྒྱལ་ཁ་ལེན་ཐུབ་པར་བྱེད་པ་དང་། རྒྱལ་ཁ་ལེན་ཆེད་འབད་འཐབ་ལྷོད་མེད་བྱེད་དགོས། ཐོན་ཁུངས་གཅིག་བསྡུས་བྱེད་པ་དང་འགན་སྲུང་ཇེ་དྲག་ཏུ་གཏོང་བ། སྲིད་ཇུས་གནད་ལ་འཁེལ་བར་བཀོལ་ནས། ཞིང་གསུམ་ཁྱབ་ཁོངས་ཀྱི་ཞན་ཆ་ཁ་གསབ་བྱེད་དགོས། སྡེ་ཁག་དང་ས་གནས་སྲིད་གཞུང་གི་འགན་འཁྲི་གཏན་ཁེལ་གསལ་བོ་བྱེད་པ་དང་། ཞིང་བས་ཞིང་འདེབས་པའི་བརྩོན་སེམས་ལ་སྲུང་སྐྱོབ་བཟང་བོ་བྱེད་པ། ཞིང་སྡེའི་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྲུན་ལ་ཤུགས་སྣོན་པ། ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི་བརྗོད་དོན་སློབ་གསོའི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ། ཏང་དང་མང་ཚོགས་དང་ལས་བྱེད་པ་དང་མང་ཚོགས་བར་གྱི་འབྲེལ་བ་དམ་ཟབ་ཏུ་བཏང་སྟེ། མང་ཚོགས་ལ་ཞབས་འདེགས་ཞུ་བའི་ནུས་པ་མཐོར་འདེགས་གཏོང་དགོས་ཟེར།

ཚོགས་ཐོག་ནས་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཞིང་གསུམ་ཁྱབ་ཁོངས་ཀྱི་བྱ་བ་གཙོ་བོ་དམ་འཛིན་བྱས་ནས་དུས་བཀག་ལྟར་ཁྱོན་ཡོངས་ནས་འབྱོར་འབྲིང་མངོན་འགྱུར་བྱེད་པའི་སྐོར་གྱི་གྲོས་གཞིའི་གྲོས་སྡུར་མ་ཟིན་ལ་གྲོས་སྡུར་བྱས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧུའུ་ཁྲུན་ཧྭ་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད།

ཚོགས་ཐོག་ནས་བསྟན་དོན། ད་ལོར། ཞིང་ལས་དང་ཞིང་སྡེས་མུ་མཐུད་དུ་བརྟན་བརླིང་འཕེལ་རྒྱས་སུ་གཏོང་བའི་རྣམ་པ་བཟང་བོ་རྒྱུན་འཁྱོངས་བྱས་པས། གནད་ཕིགས་དབུལ་ཐར་ཐད་ནས་གྲུབ་འབྲས་མངོན་གསལ་བླངས་པ་དང་། འབྲུ་རིགས་ཀྱི་སྤྱིའི་ཐོན་ཚད་ཐད་ནས་ལོ་རྒྱུས་ཀྱི་མཐོ་ཚད་གསར་བ་བསྐྲུན་ལ། ཞིང་སྡེའི་དམངས་ཚིས་སྔར་ལས་ཇེ་བཟང་དུ་སོང་བ་དང་། ཞིང་སྡེའི་བཅོས་སྒྱུར་རྒྱུན་མཐུད་ངང་གཏིང་ཟབ་ཏུ་སྤེལ་ལ། ཞིང་སྡེའི་སྤྱི་ཚོགས་ཐད་ནས་འཆམ་མཐུན་གཏན་འཇགས་རྒྱུན་འཁྱོངས་བྱས། སང་ལོ་ནི་འབྱོར་འབྲིང་སྤྱི་ཚོགས་ཡོངས་འགྲུབ་བྱེད་པའི་མཇུག་བསྡུ་བའི་ལོ་ཡིན་པས། ངེས་པར་དུ་སང་ལོའི་ཞིང་གསུམ་བྱ་བའི་དམིགས་བསལ་གྱི་གལ་ཆེན་རང་བཞིན་ལ་ངོས་འཛིན་གཏིང་ཟབ་བྱེད་པ་དང་། ཚད་གཞི་དང་རེའུ་མིག་ལྟར་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པའི་དམིགས་འབེན་མངོན་འགྱུར་བྱེད་པ། བྱེད་ཐབས་ཇེ་དྲག་ཏུ་གཏོང་བ། ལག་བསྟར་དམ་འཛིན་བྱེད་པ། དུས་བཀག་ལྟར་དབུལ་ཐར་མཁྲེགས་གཏོར་གྱི་ལས་འགན་མཐའ་གཅིག་ཏུ་འགྲུབ་པར་བྱེད་པ། ཁྱོན་ཡོངས་འབྱོར་འབྲིང་གི་ཞིང་གསུམ་ཁྱབ་ཁོངས་ཀྱི་ཞན་སར་ཁ་གསབ་བྱས་ཏེ། ཞིང་གསུམ་གྱི་ནུས་པ་ཆེན་པོ་འདོན་སྤེལ་བཟང་བོ་བྱེད་དགོས་ཟེར།

ཚོགས་ཐོག་ནས་ནན་གྱིས་བསྟན་དོན། དབུལ་ཐར་མཁྲེགས་གཏོར་གྱི་རྒྱལ་ཁ་ལེན་རྒྱུ་ནི་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པའི་གལ་ཆེན་ནང་གི་འགངས་ཆེན་ཡིན་པས། ངར་ཤུགས་གཅིག་སྒྲིམ་དང་བབ་བསྟུན་མདུན་སྐྱོད་བྱེད་པ་དང་། སྟོབས་ཤུགས་གཅིག་ཏུ་བསྡུས་ནས་འཕྲོ་མའི་དབུལ་ཐར་ལས་འགན་ཁྱོན་ཡོངས་ནས་ཡོངས་འགྲུབ་བྱེད་དགོས། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་ཕྱིར་དབུལ་བོར་འགྱུར་བར་བཀག་འགོག་བྱས་ནས། དུས་ཐོག་ཏུ་ཕྱིར་དབུལ་བོར་གྱུར་བའི་མི་གྲངས་དང་གསར་བྱུང་དབུལ་ཕོངས་མི་གྲངས་ལ་རོགས་སྐྱོར་བྱེད་དགོས། ད་ཡོད་ཀྱི་དབུལ་ཐར་ཚད་གཞི་རྒྱུན་འཁྱོངས་བྱས་ཏེ། གཏན་འཇགས་ངང་སེམས་ཁྲལ་བྱེད་མི་དགོས་པ་གཉིས་དང་འགན་སྲུང་གསུམ་མངོན་འགྱུར་བྱེད་པར་ཁག་ཐེག་བྱེད་དགོས། དབུལ་ཐར་མཁྲེགས་གཏོར་སྲིད་ཇུས་ཀྱི་སྤྱི་ཁོག་གི་གཏན་འཇགས་རྒྱུན་འཁྱོངས་བྱས་ནས། རྒྱུན་མཐུད་ངང་དབུལ་ཕོངས་མི་གྲངས་ཇེ་ཉུང་དུ་གཏོང་བའི་བྱ་བར་ཞིབ་འཇུག་བྱེད་དགོས་ཟེར།

ཚོགས་ཐོག་ནས་བསྟན་དོན། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པའི་ཐད་ཀྱི་ཆེས་འབུར་ཐོན་གྱི་ཞན་ཆ་ཞིང་གསུམ་ཐད་གནས་པས། ཞིང་སྡེའི་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཞིང་སྡེའི་ཆུ་འདོན་འགན་སྲུང་ཆུ་ཚད་མཐོར་འདེགས་གཏོང་བ། ཞིང་སྡེའི་མི་སྡོད་ཁོར་ཡུག་བཅོས་སྐྱོང་བརྟན་བརླིང་ངང་བསྒྲུབ་པ། ཞིང་སྡེའི་སློབ་གསོའི་སྤུས་ཚད་མཐོར་འདེགས་གཏོང་བ། ཞིང་སྡེའི་གཞི་རིམ་སྨན་བཅོས་འཕྲོད་བསྟེན་ཞབས་ཞུ་ལ་ཤུགས་སྣོན་པ། ཞིང་སྡེའི་སྤྱི་ཚོགས་འགན་སྲུང་ལ་ཤུགས་སྣོན་པ། ཞིང་སྡེའི་སྤྱི་ཐུན་རིག་གནས་ཞབས་ཞུ་ལེགས་བསྒྱུར་བྱས་ནས། ཞིང་སྡེའི་སྐྱེ་ཁམས་ཁོར་ཡུག་ཐད་ཀྱི་འབུར་ཐོན་གནད་དོན་བཅོས་སྐྱོང་བྱེད་དགོས་ཟེར།

ཚོགས་ཐོག་ནས་ནན་གྱིས་བསྟན་དོན། ཞིང་བའི་ཡོང་སྒོ་ཇེ་མང་དུ་གཏོང་རྒྱུ་ནི་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པའི་གཞི་རྩའི་རེ་བ་ཡིན་པས། དམངས་ཕྱུག་ཞིང་སྡེའི་ཐོན་ལས་འཕེལ་རྒྱས་སུ་གཏོང་བ་དང་། རིགས་མི་འདྲ་བའི་ཤེས་ལྡན་མི་སྣ་ཕྱིར་གཞི་རིམ་དུ་ཡོང་ནས་ལས་སྐྲུན་གསར་གཏོད་བྱེད་པར་སྐུལ་སློང་གཏོང་བ། ཞིང་བ་ཞོར་ལས་པའི་ལས་ཞུགས་གཏན་འཇགས་སུ་གཏོང་བ། ཞིང་བ་ཞོར་ལས་པའི་ཟླ་ཕོགས་ཆད་ལུས་བྱེད་པར་བཅོས་སྐྱོང་བྱེད་པར་ཤུགས་བསྣན་ནས། ཐབས་ལམ་སྣ་མང་སྤྱད་དེ་ཞིང་བའི་ཡོང་སྒོ་ཇེ་མང་དུ་གཏོང་བར་སྐུལ་འདེད་གཏོང་དགོས་ཟེར།

ཚོགས་ཐོག་ནས་བསྟན་དོན། ཞིང་ལས་ཐོན་རྫས་གལ་ཆེན་གྱི་ཕན་ཡོད་མཁོ་འདོན་ལ་འགན་སྲུང་བྱེད་རྒྱུ་ནི་ཞིང་གསུམ་བྱ་བའི་ཐད་ཀྱི་དོན་དག་གལ་ཆེན་ཡིན་པས། ཤུགས་ཆེན་པོ་བཏོན་ནས་འབྲུ་རིགས་ཐོན་སྐྱེད་དམ་འཛིན་བྱེད་པ་དང་། འབྲུ་རིགས་བདེ་འཇགས་ཀྱི་ཧྲིན་ཀྲང་གི་འགན་འཁྲིའི་ལམ་ལུགས་དཔྱད་ཞིབ་ལ་ཤུགས་སྣོན་པ། འབྲུ་རིགས་ཐོན་ཚད་ཆེ་བའི་རྫོང་གི་བྱ་དགའ་དང་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། ཞིང་ལས་ཐད་ཀྱི་ཁ་གསབ་སྲིད་ཇུས་སྔར་ལས་འཐུས་ཚང་དུ་གཏོང་བ། ཞིང་བའི་ཞིང་འདེབས་པའི་ཐད་ཀྱི་གཞི་རྩའི་ཡོང་སྒོ་ལ་འགན་སྲུང་བྱེད་པ། འབྲུ་རིགས་འདེབས་སའི་རྒྱ་ཁྱོན་གཏན་འཇགས་སུ་བཏང་སྟེ། འབྲུ་རིགས་ཀྱི་ཐོན་ཚད་གཏན་འཇགས་སུ་གཏོང་དགོས། དེང་རབས་ཞིང་ལས་ཀྱི་སྒྲིག་ཆས་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། ཚད་གཞི་མཐོ་བའི་ཞིང་ས་འཛུགས་སྐྲུན་བྱེད་པར་ཤུགས་སྣོན་པ། ཞིང་ལས་ཐོན་རྫས་ཀྱི་ཉར་གསོག་དངོས་སྐྱེལ་སྒྲིག་ཆས་འཛུགས་སྐྲུན་བཟོ་སྐྲུན་ལག་བསྟར་བྱས་ནས། ཆུ་བེད་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་དགོས་ཟེར།

ཚོགས་ཐོག་ནས་ནན་གྱིས་བསྟན་དོན། ཏང་གི་ཞིང་གསུམ་བྱ་བའི་ཐད་ཀྱི་ཁྱོན་ཡོངས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་པ་དང་། ཞིང་ལས་ཞིང་སྡེ་གཙོར་བཟུང་ནས་འཕེལ་རྒྱས་སུ་གཏོང་བ་རྒྱུན་འཁྱོངས་བྱེད་པ། རིམ་པ་ལྔའི་ཧྲུའུ་ཅིས་ཞིང་སྡེ་དར་སྤེལ་དམ་འཛིན་བྱེད་པའི་འགན་འཁྲི་ཇེ་དྲག་ཏུ་བཏང་སྟེ། ཞིང་སྡེའི་གཞི་རིམ་ཏང་རྩ་འཛུགས་ཀྱི་བཙན་རྫོང་གི་ནུས་པ་འདོན་སྤེལ་བཟང་བོ་བྱེད་དགོས། ཞིང་གསུམ་ཐད་ཀྱི་དངུལ་གཏོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཞིང་སྡེ་ཐོན་ལས་འཕེལ་རྒྱས་ཐད་ཀྱི་ས་བཀོལ་སྲིད་ཇུས་འཐུས་ཚང་དུ་བཏང་ནས། ཤེས་ལྡན་མི་སྣ་དང་ཚན་རྩལགྱི་འདེགས་སྐྱོར་ཇེ་དྲག་ཏུ་གཏོང་དགོས། ཞིང་སྡེའི་བཅོས་སྒྱུར་ལས་འགན་གཙོ་བོར་དམ་འཛིན་བྱེད་པ་དང་། ས་ཞིང་འགན་ལེན་འབྲེལ་བའི་ཡུན་རིང་གཏན་འཇགས་རྒྱུན་འཁྱོངས་བྱས་ཏེ། ཞིང་སྡེའི་ཐུན་མོང་ཐོན་དབང་ལམ་ལུགས་ཐད་ཀྱི་བཅོས་སྒྱུར་ཚོད་ལྟ་ཁྱོན་ཡོངས་ནས་སྤེལ་དགོས། ཞིང་སྡེའི་གཞི་རིམ་བཅོས་སྐྱོང་ལ་ཤུགས་སྣོན་པ་དང་། སྤྱི་ཚོགས་བཅོས་སྐྱོང་དང་ཞབས་ཞུའི་གཙོ་གནད་གཞི་རིམ་དུ་འཇོག་པར་སྐུལ་འདེད་གཏོང་བ། ཞིང་སྡེའི་འགལ་རྩོད་ཐག་བཅད་དེ། ཞིང་སྡེའི་སྤྱི་ཚོགས་འཆམ་མཐུན་གཏན་འཇགས་ལ་སྲུང་སྐྱོབ་བྱེད་དགོས། ཞིང་སྡེའི་གནས་ཚུལ་དངོས་ལ་རྐང་འཛུགས་པ་རྒྱུན་འཁྱོངས་བྱེད་པ་དང་ས་བབ་དང་བསྟུན་པ། ཞིང་བའི་འདོད་བློ་ལ་བརྩི་འཇོག་བྱེད་པ། སྟོབས་ཤུགས་ཡོད་རྒུས་མྱུར་དུ་བསྒྲུབ་དགོས་པའི་བྱ་བ་རེ་རེ་བཞིན་ཐག་གཅོད་བཟང་བོ་བྱེད་དགོས་ཟེར།

རྒྱལ་སྲིད་ཨུ་ཡོན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དྲུང་ཡིག་ཆེན་མོ་ཞའོ་ཅེ་ཡིས་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོར་འགོ་མཛིན་བྱས།

ཀྲུང་དབྱང་ཞིང་སྡེ་བྱ་བའི་འགོ་ཁྲིད་ཚན་ཆུང་གི་ཁོངས་མི་དང་། ཞིང་ཆེན་དང་རང་སྐྱོང་ལྗོངས། གྲོང་ཁྱེར་སོ་སོ། འཆར་གཞི་ལོགས་བཀོད་ཀྱི་གྲོང་ཁྱེར། ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་ཚོགས་ཀྱི་འགན་ཁུར་བློ་མཐུན། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག དམག་དཔུང་གི་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བློ་མཐུན་བཅས་གྲོས་ཚོགས་ལ་ཞུགས།