མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ཞིང་ཆེན་གྱིས་དོ་དམ་བྱེད་པའི་འགོ་ཁྲིད་ལས་བྱེད་པའི་ཉེན་བརྡའི་སློབ་གསོ་ཚོགས་ཆེན་ཟི་ལིང་ནས་ཚོགས།
2019.12.23 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 35

མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ཞིང་ཆེན་གྱིས་དོ་དམ་བྱེད་པའི་འགོ་ཁྲིད་ལས་བྱེད་པའི་ཉེན་བརྡའི་སློབ་གསོ་ཚོགས་ཆེན་ཟླ་བཅུ་གཉིས་པའི་ཚེས་ཉེར་གཅིག་ཉིན་ཟི་ལིང་ནས་ཚོགས། མཚོ་སྔོན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་ཝང་ཅན་ཅུན་གྱིས་ཉེན་བརྡའི་སློབ་གསོ་བྱ་བའི་ཐད་ནས་རེ་བ་བཏོན།

ཝང་ཅན་ཅུན་གྱིས་བསྟན་དོན། ཉེན་བརྡའི་སློབ་གསོ་ནི་ཏང་གི་ཆབ་སྲིད་སྒྲིག་ལམ་དང་རྩ་འཛུགས་སྒྲིག་ལམ། མང་ཚོགས་སྒྲིག་ལམ། བྱ་བའི་སྒྲིག་ལམ། འཚོ་བའི་སྒྲིག་ལམ་ཇེ་དྲག་ཏུ་གཏོང་བའི་བྱེད་ཐབས་གལ་ཆེན་ཡིན། ཉེ་བའི་ལོ་འགའི་རིང་ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་རང་ཞིང་དུ་བྱུང་བའི་ཁྲིམས་འགལ་སྒྲིག་འགལ་བྱས་པའི་ལས་བྱེད་པའི་དཔེ་མཚོན་གྱོད་གཞི་ལ་གཞིགས་ནས་ཉེན་བརྡའི་སློབ་གསོ་སྤེལ་བའི་ཐད་ནས་གྲུབ་འབྲས་བཟང་བོ་བླངས་པས།  མུ་མཐུད་དུ་དམ་འཛིན་དང་རྒྱུན་འཁྱོངས་བྱེད་དགོས། ཉེན་བརྡའི་སློབ་གསོ་དང་ལེན་བྱས་པའི་ཏང་ཡོན་ལས་བྱེད་པས་ལྡོག་ཕྱོགས་ཀྱི་སློབ་གཞི་རིག་ལམ་ཇེ་གསལ་དུ་གཏོང་བའི་སྨན་བཟང་དུ་བརྩི་བ་དང་། ཏང་དང་མི་དམངས་ཀྱི་སྐྱེད་སྲིང་ལ་གཅེས་སྤྲས་བྱེད་པ། ཏང་དང་མི་དམངས་ཀྱི་ཆེད་དུ་བྱ་བ་བསྒྲུབ་པའི་གོ་སྐབས་དམ་འཛིན་བྱེད་པ། རང་ཉིད་ཀྱི་ཆབ་སྲིད་ཚེ་སྲོག་ལ་གཅེས་སྤྲས་བྱེད་པ། ཁྱིམ་མི་དང་ལྷན་འཛོམས་བྱེད་པའི་བདེ་སྐྱིད་ཀྱི་དུས་ཚོད་ལ་གཅེས་སྤྲས་བྱེད་པ། ནམ་ཡང་དད་གུས་དང་དོགས་ཟོན་ཡོད་པར་བྱེད་པ་དང་། ཚད་མཐའ་དམ་སྲུང་བྱས་ནས། ཏང་དང་མི་དམངས་ཀྱིས་ཡིད་གཏད་ཆོག་པ་དང་སེམས་བདེ་བའི་ལས་བྱེད་པ་བཟང་བོ་བྱེད་དགོས་ཟེར།

ཚོགས་ཐོག་ནས་མཚོ་སྔོན་ཞིང་ཆེན་གྱི་ན་ནིང་ལོ་མཇུག་གི་ཚུན་ལ་རྩད་ཞིབ་ཐག་གཅོད་བྱས་པའི་ཁྲིམས་འགལ་སྒྲིག་འགལ་གྱི་དཔེ་མཚོན་གྱོད་གཞི་བདུན་ཁྱབ་བསྒྲགས་བྱས་པ་དང་། ཁྲིམས་འགལ་སྒྲིག་འགལ་གྱི་བྱ་སྤྱོད་དེ་དག་གི་བསམ་བློའི་འབྱུང་རྩ་དང་རྒྱུ་རྐྱེན་བསླབ་བྱར་དབྱེ་ཞིབ་གཏིང་ཟབ་བྱས་ལ། རྩད་ཞིབ་ཐག་གཅོད་བྱས་པའི་མི་སྣས་ཡུལ་དངོས་ནས་འགྱོད་གཤགས་གཏམ་བཤད་གནང་བ་དང་། ཉེན་བརྡའི་སློབ་གསོའི་གློག་བརྙན་བཏང་།

མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི། ཞིང་ཆེན་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཐིན་ཅཱ་ཚའེ་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད། ཁོས་བསྟན་དོན། ཞིང་ཆེན་ཏང་ཨུས་ཀྲུང་དབྱང་གི་ཏང་ཁྱོན་ཡོངས་ནས་བཅོས་སྐྱོང་ནན་མོ་བྱེད་པའི་རེ་བ་གསར་བ་ལག་བསྟར་ནན་མོ་བྱེད་པ་དང་། རུལ་སུངས་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱེད་པ་དང་ལྐོག་རྔན་ལ་ཆད་གཅོད་ནན་མོ་བྱས་ཏེ། ཏང་ཁྱོན་ཡོངས་ནས་བཅོས་སྐྱོང་ནན་མོ་བྱེད་པའི་ཐད་ནས་གྲུབ་འབྲས་བཟང་བོ་ལེན་དགོས། ཡིན་ན་ཡང་ང་ཚོས་མིག་སྔར་གྱི་ཞིང་ཆེན་ཡོངས་ཀྱི་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་གནས་བབ་སྔར་བཞིན་ཛ་དྲག་དང་རྙོག་འཛིང་ཆེ་བ་དང་། གནོན་ཤུགས་མཐོན་པོའི་འོག་ཏང་ཡོན་ལས་བྱེད་པ་ཁ་ཤས་ཀྱིས་ད་དུང་ཡོ་བསྲང་མི་བྱེད་པར་སྔར་བཞིན་ཁྲིམས་འགལ་བྱ་བ་བསྒྲུབས་ནས། ཏང་གི་སྒྲིག་ལམ་ལ་གཏོར་བརླག་གཏོང་བཞིན་ཡོད་པས། རུལ་སུངས་ཀྱི་གྱོད་གཞི་ལ་མཐའ་གཅིག་ཏུ་རྩད་ཞིབ་ཐག་གཅོད་ནན་མོ་བྱས་ནས། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་རུལ་སུངས་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱེད་པའི་ལངས་ཕྱོགས་བརྟན་པོ་དང་ཆོད་སེམས་བརྟན་པོ་མངོན་པར་བྱེད་པ་དང་། ཁྲིམས་འགལ་སྒྲིག་འགལ་གྱི་ལས་བྱེད་པར་ཉེན་བརྡ་གཏོང་དགོས་ཟེར།

ཐིན་ཅཱ་ཚའེ་ཡིས་ནན་གྱིས་བསྟན་དོན། དུས་ནམ་ཡང་ཐོག་མའི་བསམ་འདུན་བོར་བ་དང་བརྣབ་སེམས་ཆེ་བ། ཕུགས་བསམ་ཤོར་བ། ངན་སེམས་འཆང་བ། སྐྱོ་སེམས་ཆེ་བའི་སེམས་ལྔའི་ཉེན་བརྡ་ཡིད་ལ་དམ་པོར་འཛིན་དགོས། ནམ་ཡང་ཐོག་མའི་བསམ་འདུན་དང་འགན་འཁྲི་དམ་སྲུང་བྱས་ནས། འདུ་ཤེས་བཞི་དང་སྲུང་སྐྱོབ་གཉིས་ཏང་གི་བཀོད་འདོམས་ལ་ཉན་པ་དང་། ཏང་གི་ཆེད་དུ་འགན་འཁྲི་ལག་བསྟར་བྱེད་པའི་འགུལ་སྐྱོད་དངོས་སུ་བསྒྱུར་དགོས། ལྐོག་རྔན་གྱིས་མདུན་ལམ་བརླག་པ་ཡིད་ལ་དམ་པོར་འཛིན་པ་དང་། ཏང་གཤིས་སྦྱོང་བརྡར་བྱེད་པ་དང་རང་གཅུན་བློ་སྦྱོང་བྱེད་པ་བརྒྱུད་དེ་མི་དང་དཔོན་པོ་བྱེད་པའི་ཚད་མཐའ་དམ་སྲུང་བྱེད་དགོས། དོན་དག་ཆུང་ཆུང་དང་གནད་དོན་ཆུང་བའི་སྟེང་སྦྱོང་བརྡར་བྱེད་པར་ཤུགས་བསྣན་ནས། ནམ་ཡང་བག་མེད་སྒྲིག་འཆལ་མི་བྱེད་པ་དང་སྲོལ་འགལ་སྒྲིག་འགལ་བྱེད་མི་རུང་། གུས་ཞུམ་གྱི་སེམས་པ་རྒྱུན་འཁྱོངས་བྱས་ཏེ། ཏང་གི་སྒྲིག་ཡིག་དང་ཏང་གི་སྒྲིག་སྲོལ་ཡིད་ལ་དམ་པོར་འཛིན་པ་དང་ལག་བསྟར་བཟང་བོ་བྱེད་དགོས། རང་ཉིད་ཉེན་བརྡའི་སློབ་གསོའི་ཁྲོད་བཞག་སྟེ། བསླབ་བྱའི་ཁྲོད་སེམས་པ་གཙང་འཁྲུད་བྱེད་པ་དང་། མི་བཟང་བོ་ཞིག་བྱེད་པ་དང་སྤྱོད་གཙང་སྲོལ་བཟང་གི་དཔོན་པོ་ཞིག་བྱེད་དགོས་ཟེར།