མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ཏང་གི་སློབ་གྲྭའི་སློབ་གཙོ་དང་སྲིད་འཛིན་སློབ་གླིང་གི་གླིང་གཙོའི་གྲོས་ཚོགས་ཟི་ལིང་ནས་ཚོགས།
2019.12.24 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 42

མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ཏང་གི་སློབ་གྲྭའི་སློབ་གཙོའི་གྲོས་ཚོགས་ཟླ་བཅུ་གཉིས་པའི་ཚེས་ཉེར་གསུམ་ཉིན་ཟི་ལིང་ནས་ཚོགས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྩ་འཛུགས་པུའུ་ཡི་པུའུ་ཀྲང་། ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭའི་སློབ་གཙོ། ཞིང་ཆེན་སྲིད་འཛིན་སློབ་གླིང་གི་གླིང་གཙོ་ཝང་ཡུས་ཡན་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད།

ཝང་ཡུས་ཡན་གྱིས་བསྟན་དོན། ཏང་གི་སློབ་གྲྭའི་ལས་དོན་ནི་ཏང་གི་ལས་དོན་གྱི་གྲུབ་ཆ་གཙོ་བོ་ཡིན་ལ། ཏང་གི་སློབ་གྲྭ་དང་སྲིད་འཛིན་སློབ་གླིང་གི་བྱ་བ་བཟང་བོར་བསྒྲུབ་ན་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་རྒྱུན་འཁྱོངས་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་གི་སློབ་གྲྭའི་སློབ་སྒྲུབ་སྐོར་གྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་དང་རྒྱལ་ཡོངས་ཏང་གི་སློབ་གྲྭའི་སློབ་གཙོ་དང་སྲིད་འཛིན་སློབ་གླིང་གི་གླིང་གཙོའི་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་གཏིང་ཟབ་དང་རྒྱུས་ལོན་གསལ་བོ་བྱེད་པ། ཀྲུང་གོ་གུང་ཁྲན་ཏང་གི་ཏང་གི་སློབ་གྲྭ་དང་སྲིད་འཛིན་སློབ་གླིང་གི་བྱ་བའི་སྲོལ་ཡིག་ལག་བསྟར་ནན་མོ་བྱས་ནས། ཏང་གི་སློབ་གྲྭའི་སྤུས་ཚད་མཐོར་འདེགས་གཏོང་དགོས་ཟེར། ཁོ་མོས་ནན་གྱིས་བསྟན་དོན། ཏང་གི་སློབ་གྲྭ་ནི་ཏང་གི་ཡིན་ལ། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་བཀོལ་སྤྱོད། སྒྲོག་འགྲེལ་བཟང་བོ་བྱས་ཏེ། ཏང་ཡོན་ལས་བྱེད་པས་འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་རང་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོབ་གཉིས་ལག་བསྟར་བྱེད་པའི་སློབ་གསོ་གཏོང་དགོས། སྤུས་ཚད་གཙོར་བཟུང་ནས་སློབ་གྲྭ་འཛུགས་པ་རྒྱུན་འཁྱོངས་བྱེད་པ་དང་། སློབ་ཁྲིད་དང་ཚན་རིག་ཞིབ་འཇུག བློ་འདྲི། དོ་དམ་གྱི་ཆུ་ཚད་མཐོར་འདེགས་གཏོང་དགོས། ཤེས་ལྡན་མི་སྣ་གཙོར་འཛིན་པ་རྒྱུན་འཁྱོངས་བྱེད་པ་དང་། སྐྱེད་སྲིང་དང་ནང་འདྲེན། བཀོལ་སྤྱོད། སྐུལ་སློང་གི་བྱ་བར་དམ་འཛིན་བྱས་ནས། ཆབ་སྲིད་ཐད་ནས་སྟོབས་དང་ལྡན་པ་དང་ལས་སྒོའི་ཆུ་ཚད་མཐོ་བ། སྤྱོད་ཚུལ་བཟང་བ་དང་བྱང་ཚད་མཐོ་བའི་དགེ་རྒན་གྱི་དཔུང་སྡེ་འཛུགས་སྐྲུན་བྱེད་དགོས། བཅོས་སྒྱུར་གསར་གཏོད་རྒྱུན་འཁྱོངས་བྱེད་པ་དང་། འདུ་ཤེས་གསར་གཏོད་དང་ལམ་ལུགས་གསར་གཏོད་ལ་ཤུགས་སྣོན་དགོས། སློབ་གྲྭར་བཅོས་སྐྱོང་ནན་མོ་བྱེད་པ་རྒྱུན་འཁྱོངས་བྱེད་པ་དང་། དགེ་རྒན་ལ་རེ་བ་ནན་མོ་འདོན་པ་དང་སློབ་མར་དོ་དམ་བྱས་ཏེ། སྤྱོད་གཙང་སྲོལ་བཟང་གི་སློབ་གྲྭའི་དར་སྲོལ་བཟང་བོ་གྲུབ་པར་བྱེད་དགོས་ཟེར།

ཝང་ཡུས་ཡན་གྱིས། རིམ་པ་སོ་སོའི་ཏང་ཨུས་ཏང་གི་སློབ་གྲྭ་དང་སྲིད་འཛིན་སློབ་གླིང་བསྒྲུབ་པ་དང་དོ་དམ་བྱེད་པ། འཛུགས་སྐྲུན་བྱེད་པའི་གཙོ་གཞི་འགན་འཁྲི་ཕྲག་ཏུ་ལེན་པ་དང་། ཏང་གི་སློབ་གྲྭ་འཕེལ་རྒྱས་སུ་གཏོང་བའི་ཐད་ཀྱི་གནད་དོན་གཙོ་བོ་དང་དཀའ་གནད་ཐག་གཅོད་པ། སྲོལ་ཡིག་ལག་བསྟར་བྱེད་པར་དམ་འཛིན་བྱས་ནས། རིམ་པ་སོ་སོའི་ཏང་གི་སློབ་གྲྭ་དང་སྲིད་འཛིན་སློབ་གླིང་གི་བྱ་བའི་རྣམ་པ་གསར་བ་བསྐྲུན་རྒྱུའི་རེ་བ་བཏོན།