མཚོ་སྔོན་ཞིང་ཆེན་རྩོམ་རིག་སྒྱུ་རྩལ་བྱ་དགའི་གཟེངས་བསྟོད་ཚོགས་ཆེན་སྐབས་བརྒྱད་པ་ཟི་ལིང་ནས་ཚོགས།
2019.12.25 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 62

མཚོ་སྔོན་ཞིང་ཆེན་རྩོམ་རིག་སྒྱུ་རྩལ་བྱ་དགའི་གཟེངས་བསྟོད་ཚོགས་ཆེན་སྐབས་བརྒྱད་པ་ཟླ་བཅུ་གཉིས་པའི་ཚེས་ཉེར་བཞི་ཉིན་གྱི་སྔ་དྲོར་ཟི་ལིང་ནས་ཚོགས། ཚོགས་འདུའི་སྔོན་དུ། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཅན་ཅུན་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལིག་ཉིང་གཉིས་ཀྱིས་གཟེངས་བསྟོད་ཐོབ་པའི་འཐུས་ཚབ་མི་སྣར་འཚམས་འདྲི་བྱས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ཀྲང་ཞི་མེན་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད། ཞིང་ཆེན་གྱི་འགོ་ཁྲིད་ཡུས་ཚོང་ལི་དང་ཝུའུ་ཧའེ་ཁུན། དབྱང་ཧྥུན་ཁྲུན། ཝང་ཞོན་བཅས་གྲོས་ཚོགས་ལ་ཞུགས།

ཝང་ཅན་ཅུན་གྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ནས་བྱ་དགའ་ཐོབ་པའི་མི་སྣར་རྟེན་འབྲེལ་ཞུས་པ་དང་། ཚང་མས་མཚོ་སྔོན་གསར་བའི་རྩོམ་རིག་སྒྱུ་རྩལ་ལས་དོན་འཕེལ་རྒྱས་སུ་གཏོང་བའི་ཐད་བྱས་རྗེས་བཞག་པར་བཀའ་དྲིན་ཞུས་པ་མ་ཟད། ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་རྩོམ་རིག་སྒྱུ་རྩལ་བྱ་བ་སྒྲུབ་མཁན་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྩོམ་རིག་སྒྱུ་རྩལ་བྱ་བའི་བཞུགས་མོལ་ཚོགས་འདུའི་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་གཏིང་ཟབ་དང་ལག་ལེན་མཐར་ཕྱིན་བྱས་ཏེ། ཧུར་ཐག་གིས་མཚོ་སྔོན་གྱི་རྩོམ་རིག་སྒྱུ་རྩལ་བྱ་བའི་རྣམ་པ་གསར་བ་བསྐྲུན་རྒྱུའི་སྐུལ་མ་བཏང་།

ཝང་ཅན་ཅུན་གྱིས་བསྟན་དོན། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་རྩོམ་རིག་སྒྱུ་རྩལ་བྱ་དགའི་གཟེངས་བསྟོད་ཚོགས་ཆེན་སྐབས་བརྒྱད་པ་བསྡུས་པ་དེ་ནི། མཚོ་སྔོན་ཞིང་ཆེན་གྱི་རྩོམ་རིག་སྒྱུ་རྩལ་ལས་རིགས་ཀྱི་ཚོགས་ཆེན་གལ་ཆེན་ཞིག་ཡིན་པས། ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་རྩོམ་རིག་སྒྱུ་རྩལ་བྱ་བ་སྒྲུབ་མཁན་ཚོས་ཚོགས་འདུའི་དགོངས་དོན་སློབ་སྦྱོང་ནན་མོ་དང་རྒྱུས་ལོན་གསལ་བོ་བྱས་ཏེ། ལག་བསྟར་དམ་འཛིན་བྱེད་དགོས་ཟེར། ཁོས་བཤད་རྒྱུར། དད་གུས་སྣེ་ཁྲིད་དུ་བྱས་ན། གསར་རྩོམ་གྱི་ཁ་ཕྱོགས་ཡང་དག་རྒྱུན་འཁྱོངས་བྱེད་ཐུབ་ལ། མི་དམངས་ལ་དད་གུས་ལྡན་ན། རྒྱལ་ཁབ་ལ་སྟོབས་ཤུགས་ལྡན་པ་དང་། མི་རིགས་ལ་རེ་བ་ཡོད། རྩོམ་རིག་སྒྱུ་རྩལ་ནི་དད་གུས་ལས་བྱུང་བ་དང་། དད་གུས་ལ་བརྟེན་ནས་གོང་འཕེལ་དུ་སོང་ལ། ཏང་གི་རྩོམ་རིག་སྒྱུ་རྩལ་བྱ་བ་སྒྲུབ་མཁན་ཚོར་དད་གུས་ཀྱི་སེམས་པ་ཡོད་ན། གསར་རྩོམ་གྱི་ཁ་ཕྱོགས་ཡང་དག་རྒྱུན་འཁྱོངས་བྱེད་ཐུབ། ཞིང་ཆེན་ཡོངས་ཀྱི་རྩོམ་རིག་སྒྱུ་རྩལ་བྱ་བ་སྒྲུབ་མཁན་ཚོས་མཚོ་སྔོན་གསར་བའི་རིག་གནས་དར་སྤེལ་གཏོང་བ་དང་། མཚོ་སྔོན་གྱི་རིགས་སོ་སོའི་མི་དམངས་ཀྱི་སྙིང་སྟོབས་ཆེར་བསྐྱེད་པའི་ཐད་བློ་གྲོས་དང་སྟོབས་ཤུགས་འབུལ་དགོས་ཟེར།

ཚོགས་ཐོག་ནས། ཀྲང་ཞི་མེན་གྱིས་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ནས་བྱ་དགའ་ཐོབ་མཁན་ཚོར་ཡང་བསྐྱར་རྟེན་འབྲེལ་ཞུས་པ་དང་། ཞིང་ཆེན་ཡོངས་ཀྱི་རྩོམ་རིག་སྒྱུ་རྩལ་བྱ་བ་སྒྲུབ་མཁན་ཚོར་དད་གུས་དང་འཚམས་འདྲི་ཞུས། ཁོས་བཤད་རྒྱུར། ཧྲུའུ་ཅི་ཝང་ཅན་ཅུན་གྱི་གཏམ་བཤད་ལ་བརྩེ་སེམས་ལྡན་ཞིང་། དད་གུས་དང་མི་དམངས། འཚོ་བ། ལྟ་ཞིབ། བསམ་པའི་འཆར་སྒོ ཕུར་ཚུགས་བཅས་ལ་བརྟེན་ནས། ཞིང་ཆེན་ཡོངས་ཀྱི་རྩོམ་རིག་སྒྱུ་རྩལ་བྱ་བ་སྒྲུབ་མཁན་ཚོས་དུས་རབས་གསར་བའི་ནང་འབད་འཐབ་བྱེད་པ་དང་། མཚོ་སྔོན་གསར་བར་མཆོད་བསྟོད་བྱེད་པའི་ཐད་ཁ་ཕྱོགས་གསལ་བོ་བསྟན་ཡོད་པས། ང་ཚོས་ངེས་པར་དུ་སློབ་སྦྱོང་དང་རྒྱུས་ལོན་བྱེད་པ་དང་། ལག་བསྟར་ནན་མོ་བྱེད་དགོས། རྩོམ་རིག་སྒྱུ་རྩལ་འཕེལ་རྒྱས་སུ་གཏོང་བའི་ཁ་ཕྱོགས་ཡང་དག་རྒྱུན་འཁྱོངས་བྱས་ནས། བརྒྱ་ལོ་གཉིས་ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པ་དང་སྔར་ལས་འབྱོར་ཕྱུག་དཔལ་ཡོན་དང་འཆམ་མཐུན་མཛེས་སྡུག་གི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་ཐད་སྟོབས་ཤུགས་འབུལ་དགོས། མི་དམངས་གཙོར་འཛིན་པའི་གསར་རྩོམ་གྱི་ཁ་ཕྱོགས་ནམ་ཡང་རྒྱུན་འཁྱོངས་བྱས་ཏེ། འཚོ་བའི་ཁྲོད་ཟབ་ཞུགས་བྱས་ནས་མཚོ་སྔོན་མཐོ་སྒང་གི་རྩོམ་རིག་སྒྱུ་རྩལ་གྱི་མཐོ་རླབས་བསྐྲུན་དགོས། སྤྱོད་ཡོན་གཉིས་ལྡན་གྱི་བླ་མེད་བརྩེ་སེམས་རྒྱུན་འཁྱོངས་བྱེད་པ་དང་། ནམ་ཡང་དུས་རབས་དང་མཐུན་པ་དང་འཚོ་བར་དགའ་ཞེན་ཆེ་བ། མི་དམངས་ལ་དྲིན་ལན་འཇལ་བའི་ཚེ་སྲོག་གི་བཟོ་སྐྲུན་མཁན་བྱེད་པ། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་མཛུབ་ཁྲིད་འོག་དང་། ཞིང་ཆེན་ཏང་ཨུའི་འགོ་ཁྲིད་བརྟན་པོའི་འོག ཧུར་ཐག་གིས་མཚོ་སྔོན་གྱི་རྩོམ་རིག་སྒྱུ་རྩལ་འཕེལ་རྒྱས་སུ་གཏོང་བའི་ལེའུ་གསར་བ་བྲིས་ནས། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པའི་ཐད་སྟོབས་ཤུགས་འབུལ་དགོས་ཟེར།

དབྱང་ཧྥུན་ཁྲུན་གྱིས་ཚོགས་ཐོག་ནས་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་མཚོ་སྔོན་ཞིང་ཆེན་སྐབས་བརྒྱད་པའི་རྩོམ་རིག་སྒྱུ་རྩལ་བྱ་དགའ་ཐོབ་པའི་བརྩམས་ཆོས་ལ་གཟེངས་བསྟོད་བྱེད་པའི་སྐོར་གྱི་ཆོད་དོན་སྒྲོག་འདོན་བྱས།

ཚོགས་ཐོག་ནས་མཚོ་སྔོན་ཞིང་ཆེན་སྐབས་བརྒྱད་པའི་རྩོམ་རིག་སྒྱུ་རྩལ་བྱ་དགའ་ཐོབ་པའི་བརྩམས་ཆོས་ཀྱི་མིང་ཐོ་སྒྲོག་འདོན་བྱས་པ་དང་། བྱ་དགའ་ཐོབ་པའི་འཐུས་ཚབ་མི་སྣར་བྱ་དགའ་བྱིན། བྱ་དགའ་ཐོབ་པའི་འཐུས་ཚབ་མི་སྣ་པའོ་ཡུང་ཆིན་དང་ཝང་ཆན། མེ་ཡན་བཅས་ཀྱིས་གཏམ་བཤད།