ཀྲུང་དབྱང་སྐོར་ཞིབ་ཚན་ཁག་དང་པོས་མཚོ་སྔོན་ཞིང་ཆེན་གྱི་དབུལ་ཐར་མཁྲེགས་གཏོར་བྱ་བར་ཆེད་དོན་སྐོར་ཞིབ་ལས་དོན་སྤེལ་བའི་བྱ་བར་ཕྱིར་བལྟ་བྱས།
2019.12.26 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 16

ཏང་ཀྲུང་དབྱང་གི་སྐོར་ཞིབ་བྱ་བའི་གཅིག་གྱུར་བཀོད་སྒྲིག་ལྟར་དུ། ཀྲུང་དབྱང་སྐོར་ཞིབ་ཚན་ཁག་དང་པོས་མཚོ་སྔོན་ཞིང་ཆེན་གྱི་དབུལ་ཐར་མཁྲེགས་གཏོར་བྱ་བར་ཆེད་དོན་སྐོར་ཞིབ་ལས་དོན་སྤེལ་བའི་བྱ་བར་ཕྱིར་བལྟ་བྱས་ཤིང་། ཉེ་ཆར་བཅའ་སྡོད་འབྲེལ་གཏུག་གྲོས་ཚོགས་བསྡུས། ཀྲུང་དབྱང་སྐོར་ཞིབ་ཚན་ཁག་དང་པོས་དབུལ་ཐར་མཁྲེགས་གཏོར་ཕན་འབྲས་ཀྱི་ཞིང་ཆེན་བར་གྱི་སྣོལ་སྡེབ་དཔྱད་ཞིབ་ལས་དོན་ཚན་ཆུང་དང་མཉམ་དུ་བཅའ་སྡོད་ལས་དོན་སྤེལ། ཚོགས་ཐོག་ནས་ཀྲུང་དབྱང་སྐོར་ཞིབ་ཚན་ཁག་དང་པོའི་ཚན་གཙོ་ཧུང་ཧྲིན་ཡའོ་ཡིས་སྐོར་ཞིབ་འོས་འགན་ཁྱབ་བསྒྲགས་དང་འབྲེལ་ཏེ་སྐོར་ཞིབ་བྱ་བ་བཟང་བོར་བསྒྲུབ་དགོས་པའི་སྐོར་ནས་བླང་བྱ་བཏོན། ཞིང་ཆེན་བར་གྱི་སྣོལ་སྡེབ་དཔྱད་ཞིབ་ལས་དོན་ཚན་ཆུང་གི་ཚན་གཙོས་དཔྱད་ཞིབ་དང་འབྲེལ་བའི་བཀོད་སྒྲིག་བྱ་བ་ཁྱབ་སྒྲོག་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཅན་ཅུན་གྱིས་གྲོས་ཚོགས་ལ་འགོ་འཛིན་བྱས་ནས་གཏམ་བཤད་པར་མ་ཟད། ཞིང་ཆེན་ཏང་ཨུའི་ཚབ་བྱས་ཏེ་ཆེད་དོན་སྐོར་ཞིབ་ལེགས་སྒྲིག་ལས་དོན་སྤེལ་བའི་གནས་ཚུལ་དང་ཉིས་སྟོང་བཅོ་བརྒྱད་ལོའི་དབུལ་ཐར་མཁྲེགས་གཏོར་ཕན་འབྲས་ལ་དཔྱད་ཞིབ་བྱས་པ་ལས་རྙེད་པའི་གནད་དོན་ལེགས་སྒྲིག་དངོས་འབེབས་བྱས་པའི་གནས་ཚུལ་སྐོར་ནས་སྙན་ཞུ་ཕུལ། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་ལིག་ཉིང་གིས་ཉིས་སྟོང་བཅུ་དགུ་ལོའི་མཚོ་སྔོན་ཞིང་ཆེན་གྱི་དབུལ་ཐར་མཁྲེགས་གཏོར་ལས་དོན་སྤེལ་བའི་གནས་ཚུལ་སྐོར་ནས་སྙན་ཞུ་ཕུལ།

ཀྲུང་དབྱང་སྐོར་ཞིབ་ཚན་ཁག་དང་པོའི་ཚན་གཙོ་གཞོན་པ་དང་འབྲེལ་ཡོད་བློ་མཐུན། དབུལ་ཐར་མཁྲེགས་གཏོར་གྱི་ཕན་འབྲས་ལ་ཞིང་ཆེན་དང་ཞིང་ཆེན་དབར་ནས་སྣོལ་སྡེབ་དཔྱད་ཞིབ་བྱེད་པའི་ལས་དོན་ཚན་ཁག་གི་བློ་མཐུན་ཡོངས། ཀྲུང་དབྱང་སྐོར་ཞིབ་གཞུང་སྒྲུབ་ཁང་གི་འབྲེལ་ཡོད་འགན་ཁུར་བློ་མཐུན། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་འགོ་ཁྲིད་ཚན་ཁག ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི་བཅས་ཚོགས་འདུར་ཞུགས་པ་ལས་གཞན། ཞིང་ཆེན་དབུལ་སྐྱོར་གསར་སྤེལ་བྱ་བའི་འགོ་ཁྲིད་ཚན་ཆུང་གི་ཁོངས་གཏོགས་ལས་ཁུངས་དང་ཁོངས་མི། དེ་འབྲེལ་ལས་ཁུངས་ཀྱི་འགན་ཁུར་བློ་མཐུན་བཅས་ཐེངས་འདིའི་ཚོགས་འདུར་ཟུར་ཞུགས་བྱས།

ཧུང་ཧྲིན་ཡའོ་ཡིས་ནན་གྱིས་བསྟན་དོན། དབུལ་ཐར་མཁྲེགས་གཏོར་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་མངོན་འགྱུར་བྱེད་པའི་གལ་ཆེའི་ནང་གི་འགངས་ཆེན་ཡིན་པ་དང་། དབུལ་ཐར་མཁྲེགས་གཏོར་གྱི་ཕན་འབྲས་ལ་ཆེད་དོན་སྐོར་ཞིབ་བྱས་ཏེ་ཕྱིར་བལྟ་བྱེད་པའི་ལས་དོན་ནི་ཏང་ཀྲུང་དབྱང་གིས་བཀོད་སྒྲིག་བྱས་པའི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཡིན་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་པ་དོན་འཁྱོལ་བྱེད་པའི་ཞིབ་ཕྲའི་ལག་ལེན་ཞིག་ཀྱང་ཡིན་པར་མ་ཟད། སྲུང་སྐྱོབ་བྱེད་དགོས་པ་གཉིས་ལག་བསྟར་བྱེད་པའི་ཐད་ཀའི་མངོན་སྟངས་ཤིག་ཀྱང་ཡིན། མཚོ་སྔོན་ཞིང་ཆེན་ཏང་ཨུས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལ་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་པ་དང་། སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་དང་ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་ཀྱིདབུལ་ཐར་མཁྲེགས་གཏོར་ལས་དོན་དང་འབྲེལ་བའི་བཀོད་སྒྲིག་གསར་བ་དང་བླང་བྱ་གསར་བ་ལག་བསྟར་དོན་འཁྱོལ་བྱེད་པ། ཆབ་སྲིད་ཀྱི་ལངས་ཕྱོགས་སྔར་ལས་མཐོ་རུ་གཏོང་བ། ཆབ་སྲིད་ཀྱི་འགན་འཁྲི་དང་ཆབ་སྲིད་ཀྱི་འགན་གཙང་ལེན་བྱེད་ཤུགས་ཇེ་དྲག་ཏུ་གཏོང་བ། དབུལ་ཐར་མཁྲེགས་གཏོར་གྱི་ཕན་འབྲས་ལ་ཆེད་དོན་སྐོར་ཞིབ་བྱས་ཏེ་ཕྱིར་བལྟ་བྱེད་པའི་ཆབ་སྲིད་ཀྱི་དོན་སྙིང་དང་ལག་ལེན་གྱི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་བྱས་ཏེ། བསམ་བློ་དང་སྦྱོར་བ་གཉིས་ཏང་ཀྲུང་དབྱང་གི་ཇུས་ཆོད་ བཀོད་སྒྲིག་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ཐོག་ཏུ་གཅིག་གྱུར་དོན་གནས་ཡོང་བར་བྱས་ནས། ངར་ཤུགས་གཅིག་སྒྲིམ་དང་དུས་བསྟུན་མདུན་སྐྱོད་ཀྱི་བསམ་པའི་འཁྱེར་སོ་རྒྱུན་འཁྱོངས་བྱས་ཏེ། དུས་བཅད་ལྟར་དབུལ་ཐར་མཁྲེགས་གཏོར་ལ་རྒྱལ་ཁ་ལེན་དགོས། བྱ་སྤྱོད་དངོས་ཀྱི་ཐོག་ནས་འདུ་ཤེས་བཞི་དང་ཡིད་རྟོན་བཞི་སྔར་ལས་ཇེ་བརྟན་དུ་གཏོང་བ་དང་། སྲུང་སྐྱོབ་བྱེད་དགོས་པ་གཉིས་བཟང་བོར་བསྒྲུབ་པར་འབད་དེ། བརྒྱ་ལོ་གཅིག་གི་འབད་འཐབ་དམིགས་ཚད་མངོན་འགྱུར་དང་། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པར་འགན་ལེན་ནུས་ལྡན་བྱེད་དགོས། རང་རྟོགས་སྒོས་ལྟ་སྐུལ་དང་ལེན་བྱེད་པའི་འདུ་ཤེས་ཇེ་ཟབ་ཏུ་གཏོང་བ་དང་། རང་འགུལ་ངང་ཀྲུང་དབྱང་གི་བླང་བྱར་དམིགས་པ། དབུལ་ཐར་མཁྲེགས་གཏོར་གྱི་ཆེད་དོན་སྐོར་ཞིབ་དག་ཐེར་ཁྲོད་ནས། ས་ཁུལ་དེ་གར་གནས་པའི་གནད་དོན་དང་མི་འདང་སར་གཙང་བཤེར་བྱེད་པ། ཀྲུང་དབྱང་སྐོར་ཞིབ་ཚན་ཁག་དང་དཔྱད་ཞིབ་ཚན་ཁག་གི་ལས་དོན་ལ་རྒྱབ་སྐྱོར་གང་ནུས་བྱེད་པ་བཅས་ལ་འབད་མཐར། ཏང་ཀྲུང་དབྱང་གིས་སྤྲད་པའི་ཆབ་སྲིད་ལས་འགན་ཐུན་མོང་གི་ཐོག་ནས་ཡོངས་འགྲུབ་ལེགས་པོ་བྱེད་དགོས་ཟེར།

ཧུང་ཧྲིན་ཡའོ་ཡིས་བསྟན་དོན། སྐོར་ཞིབ་ནི་ཆབ་སྲིད་ཀྱི་ལྟ་སྐུལ་ཡིན་ལ། ཀྲུང་དབྱང་སྐོར་ཞིབ་ཚན་ཁག་གིས་མི་འགྱངས་པར་སྐོར་ཞིབ་བྱ་བའི་སྒྲུབ་སྟངས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། ཆབ་སྲིད་སྐོར་ཞིབ་ཀྱི་བླང་བྱ་དོན་འཁྱོལ་བྱེད་པ། ཆེད་དོན་སྐོར་ཞིབ་ཀྱི་ཚུར་ལེན་གནད་དོན་ལ་ཞིབ་བསྡུར་བྱེད་རྒྱུ་ཡིན་པར་མ་ཟད། ཞིང་ཆེན་ཏང་ཨུའི་སྐོར་ཞིབ་ལེགས་སྒྲིག་གི་རང་བདག་འགན་འཁྲི་དོན་འཁྱོལ་བྱས་ཚུལ་ལ་དམ་པོར་དམིགས་པ་དང་། སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་ཁུངས་ཀྱི་སྐོར་ཞིབ་ལེགས་སྒྲིག་གི་ལྟ་སྐུལ་འགན་འཁྲི་དོན་འཁྱོལ་བྱས་ཚུལ་ལ་དམ་པོར་དམིགས་པ། ལེགས་སྒྲིག་གི་ཕན་འབྲས་དང་། ཁྱད་པར་དུ་སེམས་ཁུར་བྱེད་མི་དགོས་པ་གཉིས་དང་འགན་སྲུང་གསུམ་གྱི་མངོན་གསལ་གནད་དོན་ལ་ལེགས་སྒྲིག་དོན་འཁྱོལ་བྱས་པའི་གནས་ཚུལ་ལ་དམ་པོར་དམིགས་ཏེ་ལྟ་སྐུལ་ཞིབ་བཤེར་བྱས་ནས། དབུལ་ཐར་མཁྲེགས་གཏོར་གྱི་ཆབ་སྲིད་འགན་འཁྲི་དངོས་འབེབས་དོན་འཁྱོལ་བྱ་རྒྱུར་ཡང་བསྐྱར་ལྟ་སྐུལ་བྱེད་པའི་ལས་དོན་དམ་པོར་འཛིན་རྒྱུ་དང་། སྐོར་ཞིབ་ལེགས་སྒྲིག་དོན་འཁྱོལ་དམ་འཛིན་ཡག་པོ་བྱ་རྒྱུར་སླར་ཡང་སྐུལ་འདེད་གཏོང་བ། དབུལ་ཐར་མཁྲེགས་གཏོར་གྱི་ཕན་འབྲས་སླར་ཡང་སྲ་བརྟན་དུ་གཏོང་བ་བཅས་བྱས་མཐར། དབུལ་ཐར་མཁྲེགས་གཏོར་གྱི་སྤུས་ཚད་ལེགས་པ་དང་རྒྱུན་མཐུད་ངང་འཕེལ་རྒྱས་འགྲོ་ཐུབ་པར་འགན་ལེན་ཁག་ཐེག་བྱས་ནས། ལག་ལེན་དང་ལོ་རྒྱུས། མི་དམངས་བཅས་ཀྱི་ཞིབ་བཤེར་དང་ཉམས་སད་ཐེག་ཐུབ་པར་འབད་དགོས་ཟེར།

ཝང་ཅན་ཅུན་གྱིས་བསྟན་དོན། ཀྲུང་དབྱང་སྐོར་ཞིབ་ཚན་ཁག་དང་དེ་བཞིན་ཕན་འབྲས་དཔྱད་ཞིབ་ཚན་ཁག་གིས་མཚོ་སྔོན་དུ་ལས་དོན་སྤེལ་བ་འདིའི་ཐོག་ནས། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་མཚོ་སྔོན་གྱི་དབུལ་ཐར་མཁྲེགས་གཏོར་ལས་དོན་ལ་ཚད་མཐོའི་མཐོང་ཆེན་དང་བྱམས་བརྩེའི་ཐུགས་ཁུར་གནང་ལུགས་གང་ལེགས་སྒོས་མཚོན་པར་མ་ཟད། དེས་ང་ཚོའི་ལས་དོན་ལ་སྐུལ་ལྕག་ནུས་ལྡན་བཏང་ཡོད། ང་ཚོས་ངེས་པར་དུ་བསམ་བློའི་ངོས་ཟིན་མཐོ་རུ་གཏོང་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བླང་བྱ་དམིགས་ཚད་དུ་འཛིན་པ། ཏང་ཀྲུང་དབྱང་གི་བཀོད་སྒྲིག་བླང་བྱར་འཛིན་པ། སྐོར་ཞིབ་དང་དཔྱད་ཞིབ་ཀྱི་གཙོ་གནད་ལ་དམ་པོར་དམིགས་པ། འདུ་ཤེས་བཞི་དང་ཡིད་རྟོན་བཞི་མངོན་གསལ་སྒོས་ཇེ་དྲག་ཏུ་གཏོང་བ་དང་སྲུང་སྐྱོབ་བྱེད་དགོས་པ་གཉིས་བཟང་བོར་བསྒྲུབ་ཐུབ་དགོས། ངེས་པར་དུ་རང་རྟོགས་སྒོས་གཞོགས་འདེགས་ཧུར་ཐག་བྱེད་རྒྱུ་དང་། ཁྱད་པར་དུ་ལྷག་བསམ་ཟོལ་མེད་སྒོས་ལྟ་སྐུལ་དང་ལེན་བྱེད་པ། དངོས་ཐོག་བདེན་འཚོལ་གྱིས་གནས་ཚུལ་ཡར་ཞུ་བྱེད་པ། གནད་དོན་དངོས་ཇི་བཞིན་ཡར་ཞུ་བྱེད་པ། དུས་ཐོག་ཏུ་དཔྱད་ཡིག་འདོན་སྤྲོད་ཡང་དག་བྱེད་པ་བཅས་བྱས་མཐར། ལས་ཀའི་འགན་ལེན་ཏན་ཏིག་བྱ་དགོས། ངེས་པར་དུ་ལེགས་སྒྲིག་ཡོ་བསྲང་དོན་འཁྱོལ་དམ་འཛིན་བྱས་ཏེ། ཡར་ཞུ་བྱས་པའི་གནད་དོན་ཤེས་མ་ཐག་ལེགས་སྒྲིག་ཡོ་བསྲང་བྱེད་པ། གཅིག་བསྡུས་ཀྱིས་ལེགས་སྒྲིག་ཡོ་བསྲང་བྱེད་པ།  གནད་དོན་ཚང་མ་དོན་ཐོག་ཏུ་འཁྱོལ་བ་བཅས་བྱ་དགོས། བཏོན་པའི་བསམ་འཆར་དང་གྲོས་གཞིར་ཞིབ་འཇུག་ནན་ཏན་དང་དུས་ཐོག་ཏུ་དོན་འཁྱོལ་བྱས་ནས་དོན་དག་ཚང་མར་ཨ་ལན་ཡོད་པ་དང་། ངེས་པར་དུ་བསམ་བློའི་ཐོག་ནས་དབྱེ་ཞིབ་གཏིང་ཟབ་བྱེད་པ། འགན་འཁྲིའི་ཐད་ནས་རང་བཤེར་རང་བཅོས་བྱེད་པ། ལམ་སྲོལ་གྱི་ཐོག་ནས་ཞིབ་བཤེར་ཆད་ལུས་ཚང་མར་ཁ་གསབ་བཅས་བྱས་མཐར། དག་ཐེར་ཡོ་བསྲང་ཁྲོད་ཀྱི་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་མཐའ་གཅིག་ཏུ་གཏན་འགོག་བྱེད་དགོས་ཟེར།

ཀྲུང་དབྱང་སྐོར་ཞིབ་ཚན་ཁག་གིས་མི་འགྱངས་པར་མཚོ་སྔོན་ནས་ཉིན་ཉི་ཤུའི་རིང་ལས་དོན་སྤེལ་རྒྱུ་རེད། སྐོར་ཞིབ་བྱེད་པའི་རིང་ལ་ཆེད་སྤྱོད་ལས་རེས་ཁ་པར་བཀོད་སྒྲིག་བྱས་ཡོད་པ་ནི། 0971-8019926ཡིན། ཆེད་སྤྱོད་སྦྲགས་སྲིད་ཡིག་སྒམ་ནི། མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་གྱི A147རྟགས་ཅན་ཡིན། སྐོར་ཞིབ་བྱེད་སྐབས་ཉིན་རྒྱུན་ཁ་པར་ལེན་ཐུབ་པའི་དུས་ཚོད་ནི་སྔ་དྲོའི་དུས་ཚོད་བརྒྱད་ནས་དགོང་མོའི་དུས་ཚོད་དྲུག་གི་བར་ཡིན། དབུལ་ཐར་མཁྲེགས་གཏོར་གྱི་ཕན་འབྲས་ལ་ཆེད་དོན་སྐོར་ཞིབ་བྱས་ཏེ་ཕྱིར་བལྟ་བྱེད་པའི་ལས་དོན་གྱི་བླང་བྱ་གཞིར་བཟུང་ནས། ཀྲུང་དབྱང་སྐོར་ཞིབ་ཚན་ཁག་གིས་གཙོ་བོ་མཚོ་སྔོན་ཞིང་ཆེན་གྱི་དབུལ་ཐར་མཁྲེགས་གཏོར་གྱི་ཆེད་དོན་སྐོར་ཞིབ་ལེགས་སྒྲིག་ཐད་ཀྱི་གནད་དོན་མཚོན་པའི་འཕྲིན་ཡིག་དང་ཁ་པར། ངོ་བཅར་བཅས་བདག་སྤྲོད་བྱ་རྒྱུ་རེད། ད་ཐེངས་ཀྱི་སྐོར་ཞིབ་བདག་སྤྲོད་བྱེད་ཁོངས་སུ་མི་གཏོགས་པའི་ཡིག་བསྐུར་ངོ་བཅར་གྱི་གནད་དོན་གཞན་དག་ཚང་མ་གཏན་འབེབས་ལྟར། མཚོ་སྔོན་ཞིང་ཆེན་དང་འབྲེལ་ཡོད་སྡེ་ཚན་ལ་བརྒྱུད་སྤྲོད་བྱས་ནས་ཐག་གཅོད་ནན་ཏན་བྱ་རྒྱུ་རེད།