ཝང་ཅན་ཅུན་དང་ལིག་ཉིང་མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་མཁན་གྱི་ལས་བྱེད་པ་དང་འཇོན་ཐང་མི་སྣའི་འཐུས་མི་ཡི་བཞུགས་མོལ་ཚོགས་འདུར་ཞུགས།
2019.12.30 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 14

ཟླ་བཅུ་གཉིས་པའི་ཚེས་ཉེར་དགུ་ཉིན་གྱི་ཕྱི་དྲོར། སྤྱི་ལུགས་ལོ་སར་སླེབས་ལ་ཉེ་བའི་སྐབས་འདིར། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཅན་ཅུན་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལིག་ཉིང་མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་མཁན་ལས་བྱེད་པ་དང་འཇོན་ཐང་མི་སྣའི་འཐུས་མི་ཡི་བཞུགས་མོལ་ཚོགས་འདུར་ཞུགས་ཏེ། ཚང་མར་སྤྱི་ལུགས་ལོ་སར་ལ་བཀྲ་ཤིས་ཁ་གཡང་བོས་ནས། མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་མཁན་གྱི་ལས་བྱེད་པ་དང་འཇོན་ཐང་མི་སྣ་ཡོངས་ལ་འཚམས་འདྲི་དང་བཀའ་དྲིན་ཞུས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྩ་འཛུགས་པུའུ་ཡི་པུའུ་ཀྲང་ཝང་ཡུས་ཡན་དང་། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲུང་ཡིག་ཆེན་མོ་ཡུས་ཚུང་ལི་ཚོགས་འདུར་ཞུགས།

ཝང་ཅན་ཅུན་གྱིས་བཤད་རྒྱུར། མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་སྤེལ་བའི་ལས་དོན་ནི་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འཐབ་ཇུས་ཇུས་ཆོད་གལ་ཆེན་ཞིག་དང་མཚོ་སྔོན་ལ་དམིགས་བསལ་ཐུགས་ཁུར་གནང་བ། མཚོ་སྔོན་གྱི་རིགས་སོ་སོའི་མང་ཚོགས་ལ་ཐུགས་ཁུར་ཟབ་བཞེས་གནང་བ་བཅས་ཀྱི་ལས་དོན་ཞིག་རེད། མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་མཁན་གྱི་ལས་བྱེད་པ་དང་འཇོན་ཐང་མི་སྣས་ཏང་ཀྲུང་དབྱང་གི་འབོད་སྐུལ་དང་ལེན་བྱས་ནས་ཆབ་སྲིད་ལ་མཐོང་ཆེན་དང་ཁྱོན་ཡོངས་ལ་ལྟ་རྟོག ཀུན་གྱི་ཆེད་དུ་ཆུང་བ་བློས་བཏང་བཅས་བྱས་ཏེ། མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ཁུར་འདེགས་བྱེད་པོ་རྣལ་མ་བྱས་ནས། ་དཀའ་ངལ་གྱི་ཁྲོད་ནས་རང་ཉིད་སྦྱོང་བརྡར་དང་འདུ་ཤེས་ཇེ་བརྟན་དུ་བཏང་བ། སྤྱོད་ལམ་བབ་གཙང་ཅན་དུ་བསྒྱུར་བ། ཁག་ཁུར་གྱི་འདུ་ཤེས་འཛིན་པ་བཅས་བྱས་ཏེ། ལས་རྐང་གསར་བའི་སྟེང་ནས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བསམ་བློས་དྲག་ཆས་སྤྲས་ནས། ལག་ལེན་དངོས་ལ་མཛུབ་སྟོན་དང་ལས་དོན་ཤུགས་ཆེན་པོས་སྤེལ་བ་བརྒྱུད། མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་ཆེད་བློ་གྲོས་དང་རྔུལ་ཆུ་ཕངས་མེད་དུ་ཕུལ་ཡོད། ལོ་གསར་བ་ཚུར་བསུ་ལ་ཉེ་བའི་སྐབས་འདིར། ཚང་མས་ལོ་གསར་གྱི་དུས་ཚོད་སྤྱད་དེ་བྱ་བར་སྤྱི་སྡོམ་གནད་སྨིན་བྱེད་པ་དང་མཚོ་སྔོན་དྲིལ་བསྒྲགས་འོས་སྦྱོར་གང་ལེགས་བྱེད་པ། ལུས་སེམས་སྙོམ་སྒྲིག་ལེགས་པོ་བྱེད་པ། ཁྱིམ་ཚང་གི་གྱོང་གུད་ཁ་གསབ་བྱེད་པ་བཅས་བྱས་ནས། བསམ་བློའི་སྙིང་སྟོབས་ཆེན་པོར་བརྟེན་ནས་ལོ་གསར་བའི་ལས་དོན་ནང་ཞུགས་རྒྱུར་རེ་བ་ཡོད་ཟེར། དེའི་རྗེས་ཝང་ཅན་ཅུན་གྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་བཅས་ཀྱི་ཚབ་བྱས་ཏེ། མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་མཁན་གྱི་ལས་བྱེད་པ་དང་འཇོན་ཐང་མི་སྣ་ཡོངས་ཀྱི་ཕ་མ་ནད་མེད་ཚེ་རིང་དང་། བཟའ་ཟླ་འཆམ་མཐུན། ཕྲུ་གུ་བདེ་ཐང་ངང་འཚར་ལོངས་བཅས་ཡོང་བའི་སྨོན་འདུན་ཞུས་པར་མ་ཟད། ལོ་གསར་བའི་ནང་ལས་ཀ་དང་ཁྱིམ་ཚང་། བྱ་གཞག་བཅས་ཡང་ངོའི་ཟླ་ལྟར་འཕེལ་བའི་སྨོན་འདུན་ཞུས།

ལིག་ཉིང་གིས་བཤད་རྒྱུར། མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་མཁན་གྱི་ལས་བྱེད་པ་དང་འཇོན་ཐང་མི་སྣ་མཚོ་སྔོན་དུ་རྡོག་ཐོན་བྱས་པ་དེ་ནི། མཚོ་སྔོན་གསར་བ་འཛུགས་སྐྲུན་ལ་རྒྱབ་སྐྱོར་ཤུགས་ཆེན་བྱས་པ་ཞིག་ཡིན། མཚོ་སྔོན་དུ་ལས་དོན་སྤེལ་བར་ལས་འགན་ཧ་ཅང་ལྕི་བ་དང་ཆ་རྐྱེན་ཞན་པ། དཀའ་ཚེགས་ཆེ་བར་བརྟེན། ངེས་པར་དུ་མཚོ་སྔོན་གསར་བའི་སྙིང་སྟོབས་ལག་ལེན་དུ་བསྟར་དགོས། མིག་རྒྱང་རིང་པོ་དང་བློ་རྒྱ་ཆེན་པོ་བཅངས་ནས། མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་སྤེལ་བའི་ཞིང་ཆེན་དང་གྲོང་ཁྱེར། རྒྱལ་ཁབ་པུའུ་དང་ཨུ་ཡོན་ལྷན་ཁང་བཅས་ཀྱི་བསམ་ཕྱོགས་བཟང་བོ་དང་ཉམས་མྱོང་བཟང་བོ། བྱེད་ཐབས་བཟང་བོ་བཅས་མཚོ་སྔོན་དུ་སྤེལ་ཅི་ཐུབ་བྱས་ནས། མཚོ་སྔོན་གྱི་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་གཏོང་དགོས། སྒོ་འབྱེད་ལ་ཡིད་ཆེས་བྱེད་པ་དང་། མཚོ་སྔོན་གྱི་རིགས་སོ་སོའི་མི་དམངས་ཀྱིས་སྒོ་འབྱེད་དོན་གཉེར་བྱེད་ཀྱིན་པའི་མྱོང་སྣང་ཟབ་མོ་རང་རྒྱུད་ལ་སྨིན་པར་བྱེད་པ། རྒྱལ་ཁབ་ཀྱི་འཐབ་ཇུས་བཀོད་སྒྲིག་དང་སྒོ་བསྟུན་ཅི་ཐུབ་བཅས་བྱས་ནས། མཚོ་སྔོན་ལ་རོགས་སྐྱོར་སྤེལ་བའི་ལས་དོན་ཡག་པོ་སྒྲུབ་དགོས། མཐུན་སྒྲིལ་གཙིགས་སུ་བཟུང་ནས་བྱས་རྗེས་འཇོག་དགོས་ན། སང་ལོར་མཚོ་སྔོན་གྱིས་རྒྱལ་ཡོངས་དང་མཉམ་དུ་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པར་བྱེད་དགོས་པ་དང་། ཚང་མས་བརྒྱ་ལོ་གཅིག་གི་འབད་འཐབ་དམིགས་འབེན་མངོན་འགྱུར་ཡོང་ཆེད་བྱས་རྗེས་འཇོག་དགོས། འབད་འཐབ་ལྷོད་མེད་བྱས་ཏེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་མཛུབ་སྟོན་འོག་ཏུ། ་སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ཀྱི་འཐབ་ཇུས་བཀོད་སྒྲིག་གཞིར་བཟུང་ནས། མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལས་འགན་ཡོངས་འགྲུབ་བྱས་ཏེ། མཚོ་སྔོན་འཕེལ་རྒྱས་ལ་ཞབས་འདེགས་ཡག་པོ་བསྒྲུབ་དགོས་ཟེར།