ཝང་ཅན་ཅུན་གྱིས་འགོ་འཛིན་བྱས་ཏེ་མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་བསྡུས།
2019.12.31 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 25

ཟླ་བཅུ་གཉིས་པའི་ཚེས་སུམ་ཅུ་ཉིན་གྱི་ཕྱི་དྲོར། མཚོ་སྔོན་ཞིང་ཆེན་ཏང་ཨུས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་བསྡུས། ཚོགས་ཐོག་ནས་ཀྲུང་དབྱང་གི་འབྲེལ་ཡོད་ཡིག་ཆ་དང་གྲོས་ཚོགས་ཀྱི་དགོངས་དོན་ལ་སློབ་སྦྱོང་དང་བརྒྱུད་སྒྲོག་བྱས་པར་མ་ཟད། མཚོ་སྔོན་གྱི་ལག་བསྟར་བྱེད་ཕྱོགས་ལ་ཞིབ་འཇུག་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཅན་ཅུན་གྱིས་གྲོས་ཚོགས་ལ་འགོ་འཛིན་བྱས།

གྲོས་ཚོགས་ལས་བསྟན་དོན། ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི་ཆེད་དོན་དམངས་གཙོ་འཚོ་བའི་གྲོས་ཚོགས་བསྡུས་པ་ནི། བསམ་བློ་བརྗེ་རེས་དང་གནད་དོན་ལ་གཙང་བཤེར། དབྱེ་ཞིབ་གཏིང་ཟབ་བཅས་ཀྱི་སྒོ་ནས། སྐྱོན་བརྗོད་དང་རང་གིས་རང་ལ་སྐྱོན་བརྗོད་བྱས་ཏེ། ཏང་ཡོངས་ལ་དམིགས་ཚད་ལེགས་པོ་བཙུགས་པ་དང་དཔེ་ལྟོས་ལེགས་པོ་བསྟན་པར་མ་ཟད། དཔེ་སྟོན་གྱི་ནུས་པ་འདོན་སྤྲོད་བྱས། ཁྱད་པར་དུ་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་སྣེ་ཁྲིད་དེ་འདུ་ཤེས་བཞི་དང་ཡིད་རྟོན་བཞི་སྔར་ལས་ཇེ་དྲག་ཏུ་བཏང་བ་དང་། སྲུང་སྐྱོབ་བྱེད་དགོས་པ་གཉིས་བཟང་བོར་སྒྲུབ་ནས། ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་རྒྱུ་ནི་ཏང་འཛུགས་སྐྲུན་ལ་ཤུགས་སྣོན་པའི་བརྗོད་དོན་འགྱུར་མེད་ཅིག་ལ་བརྩིས་ཏེ། ཏང་ཡོན་དང་ལས་བྱེད་པ་ཡོངས་ཀྱི་མི་ཚེ་ཧྲིལ་བོའི་བསླབ་གཞིར་བརྩིས་ནས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་དེ་འབྲེལ་གྱི་སློབ་གསོ་ལེགས་པོ་ཐོབ་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལ་དུས་བབ་རྒྱང་གཟིགས་དང་ནང་དོན་ཕུན་ཚོགས། བསམ་བློ་གཏིང་ཟབ་བཅས་ཀྱི་ཁྱད་ཆོས་ལྡན་པས། ང་ཚོས་བརྗོད་དོན་སློབ་གསོའི་གྲུབ་འབྲས་སྔར་ལས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དང་། ཐོག་མཐའ་བར་གསུམ་ཀུན་ལ་གུང་ཁྲན་ཏང་མིའི་ཆབ་སྲིད་ཀྱི་རང་གཤིས་དང་མདུན་སྐྱོད་ཀྱི་སྒུལ་ཤུགས་རྒྱུན་འཁྱོངས་བྱེད་པར་ཁ་ཕྱོགས་གསལ་སྟོན་དང་གཞི་འཛིན་ས་མཁོ་འདོན་གནང་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་ནན་ཏན་དང་གོ་བ་གཏིང་ཟབ་ལེན་པ་དང་། སློབ་སྦྱོང་དང་བསམ་གཞིགས། ཉམས་ལེན། སད་རྟོགས་བཅས་ཟུང་འབྲེལ་བྱེད་པ། ཤེས་རྟོགས་དང་ལག་ལེན་གཉིས་གཞི་གཅིག་ཏུ་སྦྲེལ་བ། ནང་གི་བསམ་བློའི་ཁུར་འདེགས་བྱེད་པོར་འགྱུར་བར་བྱེད་རྒྱུ་དང་ཕྱིའི་སྤྱོད་ལམ་དང་ལག་ལེན་གྱི་སྣོན་པ་རུ་བསྒྱུར་བར་འབད་དེ། བསམ་བློ་དང་ངོས་འཛིན། བརྩེ་དུང་། བྱ་སྤྱོད་བཅས་ཀྱི་ཐད་ཐོག་མའི་བསམ་འདུན་བརྟན་སྲུང་བྱེད་པ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་འཐབ་ཇུས་ཧྲིལ་བོ་དང་འཛམ་གླིང་གི་ལོ་བརྒྱའི་ནང་བྱུང་མྱོང་མེད་པའི་འགྱུར་ལྡོག་ཆེན་པོ་བློ་ལ་བརྟན་པོར་བཅངས་ཤིང་། སྤྱི་ཡོངས་གཉིས་ཀྱི་ཁྲོད་ནས་འགན་འཁྲི་འཁུར་བ་བཅས་བྱས་ཏེ། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་ལ་སྐུལ་འདེད་གཏོང་ཆེད་འབད་བརྩོན་ལྷོད་མེད་བྱེད་དགོས་ཟེར།

གྲོས་ཚོགས་ལས་ནན་གྱིས་བསྟན་དོན། ཀྲུང་དབྱང་ཞིང་སྡེ་བྱ་བའི་གྲོས་ཚོགས་དང་རྒྱལ་ཡོངས་དབུལ་སྐྱོར་གསར་སྤེལ་བྱ་བའི་གྲོས་ཚོགས་ནི་ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་བསྡུས་རྗེས་ཏང་ཀྲུང་དབྱང་གིས་བསྡུས་པའི་གྲོས་ཚོགས་གལ་ཆེན་ཞིག་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་སྟེང་ནས། ཞིང་གསུམ་བྱ་བར་ཆེད་དོན་ཞིབ་འཇུག་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་མཐར་ཕྱིན་དང་ལག་བསྟར་ནན་ཏན་བྱེད་པ་དང་། ཀྲུང་དབྱང་ཞིང་སྡེ་བྱ་བའི་གྲོས་ཚོགས་དང་རྒྱལ་ཡོངས་དབུལ་སྐྱོར་གསར་སྤེལ་བྱ་བའི་གྲོས་ཚོགས་ཀྱི་བཀོད་སྒྲིག་གཞིར་བཟུང་ནས། ཆབ་སྲིད་ཀྱི་འགྲེང་གནས་མཐོ་རུ་གཏོང་བ་དང་། ཁྱོན་ཡོངས་ཀྱི་འདུ་ཤེས་དང་སྤྱི་ཡོངས་ཀྱི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་སྤྱིའི་དམིགས་ཚད་ལ་དམ་པོར་དམིགས་པ། གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་བསྟར་བྱ་རྒྱུ་དམ་འཛིན་བྱ་གཞིར་འཛིན་པ། སྟོབས་ཤུགས་གཅིག་བསྡུས་ཀྱིས་དབུལ་ཐར་མཁྲེགས་གཏོར་གྱི་འཐབ་ཇུས་ལ་རྒྱལ་ཁ་ལེན་པ་དང་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པར་འགན་ལེན་བྱེད་དགོས་ཟེར།

གྲོས་ཚོགས་ལས་མཚོ་སྔོན་ཞིང་ཆེན་གྱི་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི་བརྗོད་དོན་སློབ་གསོའི་སྤྱི་སྡོམ་ཞེས་པར་གྲོས་ཞིབ་བྱས་པ་ལས་གཞན། ལས་དོན་གཞན་ལའང་ཞིབ་འཇུག་བྱས།