ལིག་ཉིང་གིས་ལུགས་གསར་ལོ་སར་སྐབས་ཀྱི་ལས་རེས་པ་རྣམས་ལ་འཚམས་འདྲི་བྱས།
2020.01.02 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 17

ལུགས་གསར་ལོ་སར་ཚེས་གཅིག་ཉིན་གྱི་སྔ་དྲོར། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལིག་ཉིང་ཞིང་ཆེན་སྲིད་གཞུང་སྤྱིའི་ལས་རེས་ཁང་དང་ཞིང་ཆེན་སྲིད་གཞུང་གཞུང་སྒྲུབ་ཐིན་གྱི་གཞུང་ཞབས་ཁང་། བདེ་སྲུང་ཁྲུའུ་སོགས་སྡེ་ཁག་གི་ལས་རེས་པ་རྣམས་ལ་འཚམས་འདྲིར་ཕྱིན་ནས། ལུགས་གསར་ལོ་སར་སྐབས་ལས་གནས་བརྟན་སྲུང་བྱེད་མཁན་གྱི་ལས་བཟོ་བ་རྣམས་ལ་ལོ་གསར་གྱི་ཁ་གཡང་བོས།

ལིག་ཉིང་གིས་ཞིང་ཆེན་སྲིད་གཞུང་སྤྱིའི་ལས་རེས་ཁང་དུ་ལས་རེས་ཁང་གི་ལས་གནས་བརྟན་སྲུང་འཁོར་རྒྱུག་དང་མཁོ་བསྟུན་འཕྲལ་སྒྲུབ་ལས་རིམ་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་དང་འདྲི་རྩད་ལེགས་པོ་བྱས་ཏེ། སྤྱིའི་ལས་རེས་ཁང་གི་འདས་པའི་ལོ་གཅིག་རིང་གི་བྱ་བར་ཁས་ལེན་གང་ལེགས་བྱས། ལིག་ཉིང་གིས་བཤད་རྒྱུར། མཁོ་བསྟུན་འཕྲལ་སྒྲུབ་བྱས་ཏེ་ལས་གནས་བརྟན་སྲུང་བྱེད་པར་དེ་འབྲེལ་གྱི་འོས་འགན་ཧ་ཅང་ལྕི། ཞིང་ཆེན་སྲིད་གཞུང་སྤྱིའི་ལས་རེས་ཁང་མཁོ་བསྟུན་ཁྲུའུ་ཡིས་འཕྲལ་བཅོས་དང་ཐོལ་བྱུང་དོན་རྐྱེན་ཐག་གཅོད་ཀྱི་ནུས་པ་གལ་ཆེན་འདོན་སྤེལ་ཡག་པོ་བྱས་ཏེ། ལས་རེས་ལས་སྲུང་གི་བྱ་བ་ཏན་ཏིག་ངང་ཡག་པོ་བསྒྲུབ་རྒྱུ་དང་། མཛེས་ལྗོངས་ས་ཁུལ་དང་ཐང་ཆེན། ཚོང་ཁང་སོགས་མི་ཚོགས་འདུ་གནས་ལ་ལྟ་སྐུལ་ཚོད་འཛིན་བྱ་རྒྱུར་ཤུགས་བསྣན་ནས། འཕྲལ་བཅོས་དུས་ཐོག་ཏུ་དམིགས་སར་ཕན་པ་ལ་འགན་ལེན་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མང་ཚོགས་ལ་འཆམ་མཐུན་བརྟན་འཇགས་ཀྱི་སྤྱི་ཚོགས་ཁོར་ཡུག་ལེགས་པོ་ཞིག་བསྐྲུན་དགོས་ཟེར།

དེའི་རྗེས་ལིག་ཉིང་གིས་སྲིད་གཞུང་གཞུང་སྒྲུབ་ཐིན་གཞུང་ཞབས་ཁང་དང་བདེ་སྲུང་ཁྲུའུ་ཡི་ལས་བཟོ་བ་དང་ལས་གནས་བརྟན་སྲུང་བྱེད་ཀྱིན་པའི་དྲག་ཆས་ཉེན་རྟོག་དཔོན་དམག་བཅས་ལ་འཚམས་འདྲི་བྱས་ནས། ཁོ་ཚོར་ལོ་གསར་བའི་ནང་ཡོད་ཚད་བདེ་ལེགས་ཡོང་བའི་སྨོན་འདུན་ཞུས་པར་མ་ཟད། ཁོ་ཚོའི་ཁྱིམ་མིར་ལྷག་བསམ་རྣམ་དག་གི་སྒོ་ནས་འཚམས་འདྲི་བྱས། ལིག་ཉིང་གིས་བཤད་རྒྱུར།འདས་ཟིན་པའི་ལོ་གཅིག་ནང་ཚང་མས་དཀའ་སྡུག་ཅི་ཡོད་ལ་མ་འཛེམས་པར། ཧུར་ཐག་འབད་ཐག་གིས་བབ་གཙང་དང་བདེ་འཇགས་ཀྱི་ལས་ཀའི་ཁོར་ཡུག་བཏོད་དེ། གཞུང་སྒྲུབ་ཐིན་གྱི་གཞུང་དོན་ཅི་ཡོད་ནུས་ལྡན་ངང་འཁོར་སྐྱོད་ཐུབ་རྒྱུར་འགན་ལེན་བྱས་ཡོད་ཟེར།