མཚོ་སྔོན་བོད་ཁུལ་གྱི་སློབ་གསོ་བཅོས་བསྒྱུར་འཕེལ་རྒྱས་ཐད་ནས་དུས་བཀག་སྔོན་དུ་རྒྱལ་ཁབ་ཀྱི2020ལོའི་འཆར་འགོད་དམིགས་འབེན་མངོན་འགྱུར་བྱས།
2020.01.05 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 32

ཉེ་སྔོན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་སློབ་གསོ་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་ཚུན་དུ། ཞིང་ཆེན་ཡོངས་ཀྱི་སློབ་གསོ་མ་ལག་གིས་རྒྱལ་ཁབ་དང་ཞིང་ཆེན་ཏང་ཨུ། སྲིད་གཞུང་གི་དབུལ་ཐར་མཁྲེགས་གཏོར་གྱི་སྤྱི་ཁོག་གི་བཀོད་སྒྲིག་ལྟར། ནམ་ཡང་སློབ་གསོའི་དབུལ་ཐར་མཁྲེགས་གཏོར་དེ་དོན་དག་གལ་ཆེན་དང་དམངས་ཚིས་བཟོ་སྐྲུན་གཙོ་བོ་རུ་བརྩིས། 2018ལོར། མཚོ་སྔོན་བོད་ཁུལ་གྱི་འོས་འགན་སློབ་གསོའི་སྲ་བརྟན་ཚད་བརྒྱ་ཆའི་གོ་ལྔ་ལྷག་ལ་སླེབས་ནས། དུས་བཀག་གི་སྔོན་དུ་རྒྱལ་ཁབ་ཀྱི2020ལོའི་འཆར་འགོད་དམིགས་འབེན་མངོན་འགྱུར་བྱས། མཚོ་སྔོན་ཞིང་ཆེན་གྱི་བོད་རིགས་རྫོང་སུམ་ཅུ་ལ་རྒྱལ་ཁབ་ཀྱི་རྫོང་ཁོངས་འོས་འགན་སློབ་གསོའི་གཞི་རྩའི་དོ་སྙོམས་ཐད་ཀྱི་ཞིབ་བཤེར་རྩིས་ལེན་ཐོབ་པ་དང་། དེས་བོད་ཁུལ་གྱི་རྫོང་སྤྱིའི་གྲངས་ཚད་ཀྱི་བརྒྱ་ཆའི་དགུ་བཅུ་ལྷག་ཟིན།

རྒྱུས་ལོན་བྱུང་བ་ལྟར་ན། མཚོ་སྔོན་ཞིང་ཆེན་གྱི་རྒྱལ་ཁབ་ཀྱི་ཆུའུ་གསུམ་ཁུལ་གསུམ་གྱི་སློབ་གསོ་དབུལ་ཐར་མཁྲེགས་གཏོར་གྱི་ཆེད་དོན་འཆར་འགོད་ཀྱི་སྤྱིའི་མ་དངུལ་སྒོར་དུང་ཕྱུར་བརྒྱད་བརྩོན་ལེན་བྱས་པ་དང་། བསྡོམས་པས་མ་དངུལ་སྒོར་དུང་ཕྱུར་དྲུག་དང་བྱེ་བ་བརྒྱད་བྱིན་ལ། གཙོ་བོར་ཧ་ཅང་དབུལ་ཕོངས་ཡིན་པའི་རྫོང་བཅོ་ལྔའི་སློབ་གསོའི་ཐོན་ཁུངས་མི་འདང་བ་དང་། གྲུབ་ཚུལ་ལེགས་སྒྲིག་དང་སྤྱི་སྐད་ཁྱབ་གདལ་དུ་གཏོང་བ་སོགས་ཀྱི་འབུར་ཐོན་གནད་དོན་ཐག་བཅད་པ་མ་ཟད། ལོ་བཅོ་ལྔའི་སློབ་གསོ་རོགས་སྐྱོར་སྲིད་ཇུས་ལག་བསྟར་བྱས་པ་དང་། མཁར་གྲོང་གཅིག་གྱུར་གྱི་འོས་འགན་སློབ་གསོའི་གྲོན་དངུལ་འགན་སྲུང་རྐྱེན་སྲོལ་བཙུགས་ནས། རིགས་སོ་སོའི་སློབ་མ་འབུམ་བརྒྱད་ལྷག་ལ་ཕན་བཏགས། 2016ལོའི་ཚུན་དུ། མཚོ་སྔོན་ཞིང་ཆེན་བོད་ཁུལ་གྱི་སློབ་སྒྲུབ་ཆ་རྐྱེན་མངོན་གསལ་སྒོས་ཇེ་ལེགས་སུ་སོང་བ་དང་། སློབ་སྒྲུབ་ཐོན་ཁུངས་སྔར་ལས་རྒྱ་སྐྱེད། ཞང་དང་གྲོང་རྡལ་ཡན་གྱི་བྱིས་གཉོར་ཁང་ཡོངས་སུ་ཁེབས་པར་བྱས་པ་དང་། 2018ལོའི་མཚོ་སྔོན་བོད་ཁུལ་གྱི་སློབ་སྔོན་སློབ་གསོའི་སློབ་ཞུགས་ཚད་བརྒྱ་ཆའི་གྱ་གསུམ་ལྷག་ལ་སླེབས། མཐོ་འབྲིང་དུས་རིམ་གྱི་སློབ་གསོ་ཁྱབ་གདལ་མཁྲེགས་གཏོར་འཆར་འགོད་ཀྱང་རྒྱུན་མ་ཆད་པར་སྤེལ་བ་དང་། བོད་ཁུལ་གྱི་མཐོ་འབྲིང་དཀྱུས་མ་གསུམ་བཙུགས་པ་དང་། བསླབ་གནས་སྟོང་གསུམ་དང་དྲུག་བརྒྱ་གསར་སྣོན་བྱས། འབྲིང་རིམ་ལས་རིགས་དང་མཐོ་འབྲིང་དཀྱུས་མའི་སློབ་བསྡུ་ལག་བསྟར་བྱས་པ་དང་། 2018ལོའི་བོད་ཁུལ་གྱི་འབྲིང་རིམ་ལས་རིགས་སློབ་གྲྭས་སློབ་མ་ཁྲི་གཅིག་དང་དྲུག་བརྒྱ་བདུན་བསྡུ་ལེན་བྱས་པ་དང་། བོད་ཁུལ་གྱི་མཐོ་འབྲིང་དུས་རིམ་གྱི་སློབ་ཞུགས་ཚད་བརྒྱ་ཆའི་དོན་དགུ་ལྷག་ལ་སླེབས།

དེ་དང་མཉམ་དུ། བོད་ཁུལ་སློབ་གྲྭའི་ཆ་འཕྲིན་ཅན་གྱི་འཕེལ་རྒྱས་ཆུ་ཚད་མངོན་གསལ་སྒོས་ཇེ་མཐོར་སོང་བ་དང་། དྲ་རྒྱ་ཁེབས་ཚད་བརྒྱ་ཆའི་གོ་བཞི་ལྷག་ལ་སླེབས་པ་དང་། སློབ་ཁྲིད་བྱེད་སའི་གྲངས་ཀའི་སློབ་གསོ་ཐོན་ཁུངས་ཧ་ལམ་ཡོངས་ཁེབས་བྱས། བོད་ཁུལ་གྱི་ཁུལ་དྲུག་ཏུ་རྩིས་འཁོར་ཁྲི་གསུམ་སྟོང་གཉིས་སུམ་བརྒྱ་དང་དགུ་བཀོད་སྒྲིག་བྱས་པ་དང་། སློབ་གསོ་ཆ་འཕྲིན་ཅན་གྱི་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་ཧ་ལམ་ཡོངས་འགྲུབ་བྱས།

རྒྱུས་ལོན་བྱུང་བ་ལྟར་ན། མཚོ་སྔོན་ཞིང་ཆེན་བོད་ཁུལ་གྱི་སློབ་གྲྭ་ཆུང་འབྲིང་དང་བྱིས་གཉོར་ཁང་གི་དགེ་རྒན་དེ་ཞིང་ཆེན་ཡོངས་ཀྱི་དགེ་རྒན་གསོ་སྦྱོང་བྱེད་ཡུལ་གལ་ཆེན་དུ་བརྩིས་ནས། ལོ་རེར་དགེ་རྒན་གཞི་རིམ་དུ་མངག་པ་དང་གཅིག་བསྡུས་གསོ་སྦྱོང་བྱེད་པ། ཟབ་སྦྱོང་བྱེད་པ་སོགས་ཀྱི་རྣམ་པ་བརྒྱུད་དེ། བོད་ཁུལ་དགེ་རྒན་གྱི་ལས་སྒོའི་ནུས་པ་དང་ཆུ་ཚད་མཐོར་འདེགས་གཏོང་བར་རོགས་སྐྱོར་བྱས་པ་མ་ཟད། འོས་འགན་སློབ་གསོ་དུས་རིམ་གྱི་སློབ་གྲྭའི་སློབ་གཙོ་དང་དགེ་རྒན་རེས་མོས་བརྗེ་རེས་བྱས་པར་སྐུལ་འདེད་བཏང་བ་དང་། གྲོང་གསེབ་ཀྱི་ཕུལ་བྱུང་སློབ་གཙོ་དང་རྐང་འཛིན་དགེ་རྒན་ཞིང་སྡེའི་སློབ་གྲྭ་དང་ཉམས་ཞན་སློབ་གྲྭ སློབ་ཁྲིད་བྱེད་གནས་སུ་མངག་པར་སྣེ་ཁྲིད་བྱས། 2016ལོའི་ཚུན་དུ། བོད་ཁུལ་གྱི་སློབ་གྲྭ་ཆུང་འབྲིང་དང་བྱིས་གཉོར་ཁང་གི་དགེ་རྒན་ཁྲི་དྲུག་དང་སྟོང་དགུ་གསོ་སྦྱོང་བྱས་པ་དང་། བོད་ཁུལ་གྱི་སློབ་གཙོ་དང་དགེ་རྒན་སྟོང་གསུམ་དང་སུམ་བརྒྱ་རེས་མོས་བརྗེ་རེས་ལ་ཞུགས།

དེ་དང་མཉམ་དུ། མཚོ་སྔོན་ཞིང་ཆེན་གྱིས་རང་སྟོབས་རང་འཕེལ་དང་ཁ་གཏད་རོགས་སྐྱོར་ཟུང་འབྲེལ་བྱེད་པའི་ལམ་བུ་རུ་བསྐྱོད་པ་རྒྱུན་འཁྱོངས་བྱས་པ་དང་། བོད་ཁུལ་གྱི་སློབ་གསོ་འཕེལ་རྒྱས་སུ་གཏོང་བའི་ཐད་ནས་གྲུབ་འབྲས་མངོན་གསལ་བླངས། 2016ལོའི་ཚུན་དུ། ཞིང་ཆེན་ནང་ཁུལ་གྱིས་སྒྲིག་ལུགས་ལྔ་བརྒྱ་བཀོད་སྒྲིག་བྱས་ནས། སྔ་གཞུག་ཏུ་ཞིང་ཆེན་ནང་ཁུལ་ཤར་རྒྱུད་ས་ཁུལ་གྱི་དགེ་རྒན་སྟོང་གཅིག་དང་དྲུག་བརྒྱ་མཚོ་སྔོན་ལྷོ་ཕྱོགས་སུ་དུ་མངག་སྟེ་སློབ་གསོ་རོགས་སྐྱོར་བྱས། བསྟུད་མར་ཞིང་ཆེན་ནང་ཁུལ་ཤར་རྒྱུད་ས་ཁུལ་དུ་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་མི་རིགས་སློབ་འབྲིང་དང་ཡུས་ཧྲུའུ་མཚོ་ཤར་སློབ་འབྲིང་། ཟི་ལིང་མགོ་ལོག་སློབ་འབྲིང་བཅས་སློབ་གྲྭ་གསུམ་བཙུགས་ཏེ། གྲངས་ཉུང་མི་རིགས་ཀྱི་སློབ་མ་སྐྱེད་སྲིང་བྱེད་པའི་ཐད་ཆ་རྐྱེན་བསྐྲུན།

ཞིང་ཆེན་ཕྱིའི་རིག་སྟོབས་རོགས་སྐྱོར་བྱེད་ཚད་རྒྱུན་མ་ཆད་པར་ཇེ་ཆེར་བཏང་བ་དང་། 2016ལོའི་ཚུན་དུ། བོད་ཁུལ་གྱི་སློབ་གྲྭ་ཆུང་འབྲིང་དང་བྱིས་གཉོར་ཁང་སུམ་བརྒྱ་དང་བཅུ་དང་ཁ་གཏད་རོགས་སྐྱོར་གྱི་ཞིང་ཆེན་དང་གྲོང་ཁྱེར་གྱི་སློབ་གྲྭ་ཆུང་འབྲིང་དང་བྱིས་གཉོར་ཁང་བར་ཁ་གཏད་རོགས་སྐྱོར་གྱི་འབྲེལ་བ་བཙུགས་ལ། ཁུལ་དྲུག་གི་སློབ་གྲྭ་ཆུང་འབྲིང་གི་ཁ་གཏད་རོགས་སྐྱོར་འབྲེལ་བ་བཙུགས་པའི་ཚད་བརྒྱ་ཆའི་རེ་གསུམ་ལྷག་ལ་སླེབས། སྔ་གཞུག་ཏུ་ཕུལ་བྱུང་དགེ་རྒན་དང་ཞིབ་འཇུག་སློབ་མ་བརྒྱད་བརྒྱ་དང་བརྒྱད་ཅུ་ལྷག་མཚོ་སྔོན་ཞིང་ཆེན་གྱི་གྲོང་ཁྱེར་དང་ཁུལ་གྱི་སློབ་གྲྭ་བརྒྱ་ལྷག་ལ་མངག་ནས་སློབ་གསོའི་རོགས་སྐྱོར་སྤེལ། བོད་ཁུལ་གྱི་མཐོ་འབྲིང་སློབ་མ་སྟོང་བརྒྱད་ཞིང་ཆེན་ཕྱི་རུ་སློབ་སྦྱོང་བྱེད་པར་སོང་བ་དང་། མིག་སྔའི་སློབ་ཞུགས་སློབ་མའི་གཞི་ཁྱོན་སྟོང་ལྔ་དང་ལྔ་བརྒྱ་ལྷག་ལ་སླེབས།