ཝང་ཅན་ཅུན་གྱིས་མཚོ་ནུབ་ཁུལ་གྱི་བྱ་བར་རྟོག་ཞིབ་བྱས།
2020.01.06 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 12

ཟླ་དང་པོའི་ཚེས་གཉིས་ཉིན་ནས་ཚེས་གསུམ་ཉིན་བར་དུ། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཅན་ཅུན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ན་གོར་མོ་གྲོང་ཁྱེར་དུ་སོང་ནས་བྱ་བར་རྟོག་ཞིབ་བྱས་ཏེ་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ཁྲིད་སྟོན་དུ་བཟུང་ནས། ཏང་གི་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བ་དང་ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས། ཀྲུང་དབྱང་ཞིང་སྡེ་བྱ་བའི་གྲོས་ཚོགས་བཅས་ཀྱི་དགོངས་དོན་དངོས་འབེབས་དོན་འཁྱོལ་བྱས་ཏེ། ནན་ཏན་སྒོས་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པའི་དགོངས་དོན་དངོས་འབེབས་མཐར་ཕྱིན་བྱེད་དགོས་པར་མ་ཟད། ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི་བརྗོད་དོན་སློབ་གསོའི་གྲུབ་འབྲས་སྔར་ལས་སྲ་བརྟན་དུ་གཏོང་བ་དང་། བློ་བརྟན་འགྱུར་མེད་ངང་འཕེལ་རྒྱས་གསར་བའི་འདུ་ཤེས་དངོས་འབེབས་ནན་མོ་བྱེད་པ། རྣམ་པ་གསར་བའི་མཁར་གྲོང་ཅན་སྤུས་ཚད་མཐོ་བའི་ངང་འཕེལ་བར་སྐུལ་འདེད་གཏོང་བ། དབུལ་ཐར་མཁྲེགས་གཏོར་གྱི་ཞན་ཆ་དུས་ལྟར་མགྱོགས་མྱུར་ངང་གསབ་པ་བཅས་ལ་འབད་མཐར། ལོ་གསར་བའི་ནང་ལས་དོན་ཡོད་ཚད་ལ་འགོ་ཡག་པོ་ཞིག་རྩོམ་ཐུབ་པ་དང་རྒྱལ་ཁ་ལེགས་པ་ཞིག་ལེན་ཐུབ་པར་འགན་ལེན་ཁག་ཐེག་བྱེད་དགོས་ཟེར།

ཝང་ཅན་ཅུན་གྱིས་བསྟན་དོན། བརྗོད་དོན་སློབ་གསོ་རྒྱུན་མཐུད་གཏིང་ཟབ་ཏུ་གཏོང་བར་ཏང་ཡོན་ལ་སློབ་གསོ་རྒྱག་དགོས་ལ། མང་ཚོགས་ལའང་སློབ་གསོ་བརྒྱབ་ནས་ཏང་ཡོན་དང་མང་ཚོགས་ལ་བརྗོད་དོན་སློབ་གསོའི་ཕན་འབྲས་ཤན་འབྱེད་བྱེད་དུ་འཇུག་རྒྱུ་དང་། བརྗོད་དོན་སློབ་གསོ་རྒྱུན་རྣམ་ཅན་དང་ཡུན་ཕན་ཅན། ལམ་ལུགས་ཅན་བཅས་སུ་འགྱུར་རྒྱུར་སྐུལ་འདེད་གཏོང་བ། གཞི་རིམ་ཏང་རྩ་འཛུགས་ཀྱི་ཆབ་སྲིད་ཀྱི་འགོ་ཁྲིད་ནུས་པ་དང་བསམ་བློའི་སྣེ་ཁྲིད་ནུས་པ། མང་ཚོགས་ཀྱི་རྩ་འཛུགས་ནུས་པ། སྤྱི་ཚོགས་ཀྱི་འབོད་སྐུལ་ནུས་པ་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གཞི་རིམ་བཅོས་སྐྱོང་ནུས་པ་དང་བཅོས་སྐྱོང་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ་བཅས་བྱས་ནས། མི་རིགས་སོ་སོའི་མང་ཚོགས་ལ་ཐོབ་འདོད་ཀྱི་ཚོར་བ་དང་བདེ་སྐྱིད་ཚོར་སེམས། བདེ་འཇགས་ཚོར་སེམས་བཅས་དེ་བས་མང་བ་ཡོང་བར་བྱེད་དགོས་ཟེར།

ཝང་ཅན་ཅུན་གྱིས་ནན་གྱིས་བསྟན་དོན། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་བློ་བརྟན་འགྱུར་མེད་ངང་ལག་ལེན་དུ་བསྟར་བ་དང་། ལས་གཞིར་བརྟེན་ནས་སྟོང་ཝ་ཁྲི་སྟོང་རིམ་པའི་ནུས་ཁུངས་གཙང་མའི་རྟེན་གཞི་ཡག་པོ་བསྐྲུན་པ། རྒྱལ་ཁབ་ཀྱི་གཙོ་གནད་ཚོད་ལྟ་ཁང་མཚོ་སྔོན་དུ་གཞིས་ཆགས་ཐུབ་པར་བརྩོན་ལེན་བྱེད་པ། ནུས་ཁུངས་གཙང་མའི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་ལ་མགྱོགས་མྱུར་ངང་སྐུལ་འདེད་གཏོང་བ། ནུས་ཁུངས་གསར་བརྗེའི་དུས་རབས་གསར་བར་སྣེ་ཁྲིད་བཅས་བྱེད་དགོས་ཟེར།

ཝང་ཅན་ཅུན་གྱིས་བསྟན་དོན། རྣམ་པ་གསར་བའི་མཁར་གྲོང་ཅན་འཛུགས་སྐྲུན་བྱེད་རྒྱུ་དེ་སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ཀྱི་འཐབ་ཇུས་བཀོད་སྒྲིག་གི་དམ་འཛིན་བྱ་གཞི་གལ་ཆེན་ཞིག་ཏུ་བརྩིས་ནས། གྲོང་ཁུལ་རྙིང་པར་ལོ་རྒྱུས་ཀྱི་མྱོང་ཚོར་ཟབ་མོ་མངོན་པ་དང་གྲོང་ཁུལ་གསར་པར་བརྟེན་ནས་དེང་རབས་ཅན་གྱི་ཉམས་འགྱུར་མངོན་ཐུབ་པ་བྱས་ཏེ། ལས་སྡོད་ལས་སྐྲུན་དང་འཚམ་པའི་མཛེས་སྡུག་ལྡན་གི་ཁྱིམ་གཞིས་བསྐྲུན་དགོས། ས་བབ་ཀྱི་ལེགས་ཆ་འདོན་སྤེལ་བྱེད་པ་དང་འགྲིམ་འགྲུལ་དྲ་རྒྱ་འཐུས་སྒོ་ཚང་དུ་གཏོང་བ། གྲོང་ཁྱེར་གྱི་གསོན་ཤུགས་ཀྱི་གཞི་རྟེན་ས་ནོར་མེད་ངང་འཚོལ་བ། ཁོར་ཡུག་ལེགས་པོ་བསྐྲུན་པ་དང་ཚོང་ལས་ཀྱི་གོ་སྐབས་འཚོལ་བ། མི་ཤུགས་གཅིག་ཏུ་སྒྲིལ་བ། ཐོན་ལས་ཀྱི་གནས་ཐིག་ཁ་གསལ་བཟོ་བ། ཐོན་ལས་ཚུལ་ སྒྱུར་དང་ལེན་བྱེད་པ། སྤུས་ཚད་མཐོ་བ་དང་རྒྱུན་མཐུད་ཆོག་པའི་སྒོ་དབྱེ་རྣམ་པའི་དཔལ་འབྱོར་འཕེལ་རྒྱས་གཏོང་བ་བཅས་བྱས་ནས། ས་ཞིང་ལ་ཕན་འབྲས་དེ་བས་ཆེ་བ་ཐོན་པར་བྱེད་དགོས་ཟེར།