མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་འབུམ་རམས་པའི་ཞབས་ཞུ་ཚོགས་པའི་ཁོངས་མིའི་བཞུགས་མོལ་ཚོགས་འདུ་བསྡུས།
2020.01.10 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 17

མཚོ་སྔོན་དུ་ཡོང་བའི་སྐོར་ཁག་ཉི་ཤུ་བའི་འབུམ་རམས་པའི་ཞབས་ཞུ་ཚོགས་པའི་ཁོངས་མིའི་བཞུགས་མོལ་ཚོགས་འདུ་ཟླ་དང་པོའི་ཚེས་དགུ་ཉིན་ཟི་ལིང་ནས་ཚོགས། མཚོ་སྔོན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཅན་ཅུན་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལིག་ཉིང་གཉིས་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྩ་འཛུགས་པུའུ་ཡི་པུའུ་ཀྲང་ཝང་ཡུས་ཡན་གྱིས་གྲོས་ཚོགས་ལ་འགོ་མཛིན་བྱས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲུང་ཡིག་ཆེན་མོ་ཡུས་ཚོང་ལི་གྲོས་ཚོགས་ལ་ཞུགས།

ཝང་ཅན་ཅུན་གྱིས་ཐོག་མར་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ནས་འབུམ་རམས་པའི་ཚོགས་པའི་ཁོངས་མི་མཚོ་སྔོན་དུ་ཡོང་བར་དགའ་བསུ་ཞུས། ཁོས་བསྟན་དོན། འབུམ་རམས་པའི་ཞབས་ཞུ་ཚོགས་པ་མཚོ་སྔོན་དུ་བྱ་བ་ལས་པར་མངག་གཏོང་བྱེད་པ་ནི་ཏང་ཀྲུང་དབྱང་དང་ཀྲུང་དབྱང་རྩ་འཛུགས་པུའུ། གུང་གཞོན་ཚོགས་པ་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་བཅས་ཀྱིས་ནུབ་རྒྱུད་གསར་སྤེལ་ཆེན་མོ་ལ་རྒྱབ་སྐྱོར་དང་ཁུལ་ཁོངས་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ན་གཞོན་ཤེས་ལྡན་མི་སྣ་སྐྱེད་སྲིང་བྱེད་ཆེད་ལག་བསྟར་བྱས་པའི་ཤེས་ལྡན་མི་སྣའི་ལས་གཞི་གལ་ཆེན་ཞིག་ཡིན། ང་ཚོས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་མཚོ་སྔོན་ལ་ཐུགས་ཁུར་བྱས་པར་བཀའ་དྲིན་ཞུས་པ་དང་། ཀྲུང་དབྱང་རྩ་འཛུགས་པུའུ་དང་གུང་གཞོན་ཚོགས་པ་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གིས་མཚོ་སྔོན་ལ་མཐོང་ཆེན་བྱས་པ་དང་མངག་གཏོང་སྡེ་ཁག་དང་འབུམ་རམས་པའི་ཁྱིམ་ཚང་གིས་མཚོ་སྔོན་ལ་རྒྱབ་སྐྱོར་བྱས་པར་བཀའ་དྲིན་ཞུ་བཞིན་ཡོད། འབུམ་རམས་པ་ནི་རྒྱལ་ཁབ་ཀྱི་རྐང་འཛིན་མི་སྣ་ཡིན་ལ། མཚོ་སྔོན་དུ་རིགས་མི་འདྲ་བའི་ཤེས་ལྡན་མི་སྣའི་འཇོན་ཐང་མངོན་སའི་སྟེགས་བུ་ཆེན་པོ་ཡོད་པས། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ལག་ལེན་མཐར་ཕྱིན་བྱེད་པ་དང་། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ། རང་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོབ་གཉིས་ལག་བསྟར་བྱེད་པ། རང་སྟེང་གི་དགེ་མཚན་དང་ས་གནས་བྱ་བའི་མཐུན་ས་ཡང་དག་བཙལ་ནས། ཞབས་ཞུའི་ཁྲོད་གྲུབ་འབྲས་ལེན་པ་དང་། སྦྱོང་བརྡར་ཁྲོད་མཐོར་འདེགས་གཏོང་དགོས་ཟེར།

བཞུགས་མོལ་ཚོགས་འདུའི་སྟེང་། ཝང་ཅན་ཅུན་གྱིས་འབུམ་རམས་པའི་ཞབས་ཞུ་ཚོགས་པའི་ཁོངས་མི་དང་ངས་མིག་ནང་གི་འབུམ་རམས་པ་ཞེས་པ་ལོངས་སྤྱོད་བྱས། ཁོས་བཤད་རྒྱུར། འབུམ་རམས་པ་ནི་ཤེས་བྱའི་མཚོན་རྟགས་ཡིན། ཚང་མས་རང་ཉིད་ཀྱིས་འབད་བརྩོན་དང་རྔུལ་ཆུ་ལ་བརྟེན་ནས་འབུམ་རམས་པའི་བསླབ་གནས་བླངས་པ་དང་། ཁོ་ཚོར་གཞུང་ལུགས་དང་ཤེས་བྱའི་གསོག་འཇོག་ཕུན་སུམ་ཚོགས་པ་ཡོད། གསོག་འཇོག་དེ་ལག་ལེན་ཁྲོད་བེད་སྤྱོད་གང་ལེགས་བྱས་ན། ཤེས་རྒྱ་སྔར་ལས་ཇེ་ཆེར་འགྲོ་ཐུབ། ཚང་མ་རྒྱལ་ཁབ་ལས་ཁུངས་དང་སྨན་བཅོས་སྡེ་ཁག ཚན་རིག་ཞིབ་འཇུག་གླིང་། ཀྲུང་དབྱང་གི་ཁེ་ལས་བཅས་ནས་ཡོང་བ་ཡིན་ལ། ཚང་མར་བྱ་བའི་ཉམས་མྱོང་ངེས་ཅན་ལྡན་པ་དང་། མཚོ་སྔོན་དུ་ཞབས་འདེགས་ཞུ་བར་ཡོང་བ་དེས་འཚོལ་སྙེག་སྔར་ལས་མཐོན་པོ་མཚོན་པར་བྱས་ཡོད། འབུམ་རམས་པ་ཚོས་ནམ་ཡང་ཁེངས་སྐྱུང་གི་བསམ་བློ་སྲུང་འཛིན་བྱེད་པ་དང་། ལས་རྐང་སྟེང་བྱས་རྗེས་འཇོག་པ།  སྤྱི་ཚོགས་ལ་བྱས་རྗེས་བཞག་སྟེ། སྤྱི་ཚོགས་ཡོངས་ཀྱིས་བརྩི་བཀུར་བྱེད་པའི་མི་ཞིག་བྱེད་དགོས། མཚོ་སྔོན་གྱིས་འབུམ་རམས་པར་སེམས་ཁུར་དང་རྒྱབ་སྐྱོར་བྱས་ནས། ཚང་མས་མཚོ་སྔོན་ནས་བྱ་བ་བསྒྲུབ་པའི་ཐད་ཆ་རྐྱེན་བཟང་བོ་བསྐྲུན་དགོས་ཟེར།

ལིག་ཉིང་གིས་འབུམ་རམས་པའི་ཞབས་ཞུ་ཚོགས་པའི་ཁོངས་མི་ལ་མཚོ་སྔོན་གྱི་གནས་ཚུལ་ངོ་སྤྲོད་བྱས་པ་མ་ཟད་རེ་བ་ཟབ་མོ་བཅངས་ཡོད་པའི་ཚུལ་བསྟན། ཁོས་བསྟན་དོན། འབུམ་རམས་པས་འདུ་ཤེས་གསར་བ་དང་ལྟ་བ་གསར་བ། ལག་རྩལ་གསར་བ། མི་གཞུང་གསར་བ་སྣེ་ཁྲིད་བྱེད་པའི་ནུས་པ་འདོན་སྤེལ་བྱེད་ཐུབ་པ་དང་། དེ་མཚོ་སྔོན་ལ་མཚོན་ལ་ཧ་ཅང་གལ་ཆེ་བ་དང་བྲེལ་མྱུར་ལྡན། ཚང་མས་མཐོ་འཛེག་རྒྱང་བལྟ་དང་རང་རྟོན་སྒོ་འབྱེད། མཐུན་སྒྲིལ་སྐྱེས་འབུལ། འབད་འཐབ་ལྷོད་མེད་བྱེད་པའི་མཚོ་སྔོན་གསར་བའི་སྙིང་སྟོབས་ལག་བསྟར་བྱེད་པ་དང་། མཚོ་སྔོན་ནས་རང་ཉིད་ཀྱི་འཇོན་ཐང་དང་ནུས་པ་འདོན་སྤེལ་བྱེད་དགོས། མཚོ་སྔོན་དུ་ཤེས་ལྡན་མི་སྣ་མཁོ་ལ། ཚོགས་པ་རང་བཞིན་གྱི་རོགས་སྐྱོར་ཡང་མཁོ་བས། ཚང་མས་མཚོ་སྔོན་གྱི་དགོས་མཁོ་དང་རང་ཉིད་ཅི་ལྕོགས་ལྟར། ལག་ལེན་ཁྲོད་རང་ཉིད་ཀྱི་ནུས་པ་དང་ཆེད་ལས་ཀྱི་ཆུ་ཚད་འདོན་སྤེལ་བྱེད་པ་དང་། རང་ཉིད་ནུས་པ་དང་ལག་ལེན་ལ་ཟུང་འབྲེལ་བྱས་ཏེ། གསར་གཏོད་གནས་འཚོལ་བ་དང་མཚོ་སྔོན་གསར་བའི་འཛུགས་སྐྲུན་ཁྲོད་ཞུགས་པ། ཤེས་ལྡན་མི་སྣ་ནང་འདྲེན་བྱེད་པའི་སྟེགས་བུ་བསྐྲུན་པ། ཚད་ཡོད་པའི་དུས་ཚོད་ནང་ཉམས་མྱོང་བསྡུ་ལེན་བྱེད་པ་དང་གྲུབ་འབྲས་བརྩོན་ལེན་བྱེད་པ། ཤེས་ལྡན་མི་སྣ་སྐྱེད་སྲིང་བྱེད་དགོས། འབྲེལ་ཡོད་སྡེ་ཁག་གིས་ཚན་རིག་ཞིབ་འཇུག་ཚོགས་པར་མི་དོན་དང་གྲོན་འདུལ་སོགས་ཀྱི་རང་བདག་དབང་ཆ་བྱིན་ནས། འབུམ་རམས་པའི་ཞབས་ཞུ་ཚོགས་པའི་ཁོངས་མིས་ནུས་པ་འདོན་སྤེལ་བྱེད་པའི་ཐད་ཆ་རྐྱེན་དང་ཁོར་ཡུག་བཟང་བོ་བསྐྲུན་པ་དང་། འབུམ་རམས་པ་ཚོས་མཚོ་སྔོན་དུ་བྱ་བ་བསྒྲུབ་པའི་སྐབས་བྱ་བ་བདེ་བླག་ཡིན་པ་དང་འཚོ་བ་བཟང་བ། ལུས་ཕུང་བདེ་ཐང་ཡོང་བར་བྱེད་དགོས་ཟེར།

ཝང་ཡུས་ཡན་གྱིས་གྲོས་ཚོགས་ཀྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པའི་ཐད་བྱ་བའི་རེ་བ་བཏོན་པ་སྟེ། གཅིག་ནས་འབུམ་རམས་པའི་ཚོགས་པའི་བློ་མཐུན་ཡོངས་ཀྱིས་ཐོག་མའི་བསམ་འདུན་དང་འགན་འཁྲི་ཡིད་ལ་དམ་པོར་འཛིན་པ་དང་། ཏང་དང་རྒྱལ་ཁབ་ལ་བློ་དཀར་བ་དེ་ཁག་ཁུར་བྱེད་ཕོད་པའི་འགུལ་སྐྱོད་དངོས་ལ་བསྒྱུར་ནས། ཧུར་ཐག་གིས་རྒྱལ་ཁབ་དང་མཚོ་སྔོན་གྱི་བཅོས་བསྒྱུར་འཕེལ་རྒྱས་དང་གཏན་འཇགས་ཐད་བློ་གྲོས་དང་སྟོབས་ཤུགས་འབུལ་དགོས། གཉིས་ནས་དང་ལེན་སྡེ་ཁག་གིས་ཤེས་ལྡན་མི་སྣའི་ཐོན་ཁུངས་ལ་གཅེས་སྤྲས་བྱེད་པ་དང་། ལས་གཉེར་ལས་སྐྲུན་གྱི་སྟེགས་བུ་བསྐྲུན་ནས། འབུམ་རམས་པའི་ཚོགས་པའི་འབྲེལ་འདྲིས་དང་དོ་དམ། ཞབས་ཞུ་སོགས་བྱ་བའི་ཐད་ཀྱི་ཚད་གཞི་དང་ཆུ་ཚད་མཐོར་འདེགས་གཏོང་དགོས། གསུམ་ནི་ཞིང་ཆེན་ཤེས་ལྡན་མི་སྣའི་གཞུང་སྒྲུབ་ཁང་གིས་སེམས་ཞིབ་མོས་མཛུབ་ཁྲིད་བྱེད་པ་དང་། ཞིང་ཆེན་ཐད་གཏོགས་འབྲེལ་ཡོད་ལས་ཁུངས་ཀྱིས་གཞོགས་འདེགས་བཟང་བོ་བྱས་ཏེ། མཚོ་སྔོན་དགེ་ཐོན་སློབ་ཆེན་དང་མཚོ་སྔོན་སློབ་ཆེན་ཁོངས་གཏོགས་སྨན་ཁང་གཉིས་ཀྱིས་ཚོགས་པ་རང་བཞིན་གྱི་མངག་གཏོང་ཚོད་ལྟ་བྱ་བ་སྤེལ་བར་རྒྱབ་སྐྱོར་བྱེད་དགོས་ཟེར།

ཚོགས་ཐོག་ནས་མཚོ་སྔོན་དུ་ཡོང་བའི་སྐོར་ཁག་ཉི་ཤུ་བའི་འབུམ་རམས་པའི་ཞབས་ཞུ་ཚོགས་པའི་ཁོངས་མིའི་གནས་ཚུལ་ཐད་ཀྱི་སྙན་ཞུ་ལ་ཉན། འབུམ་རམས་པའི་ཚོགས་པའི་ཁོངས་མིའི་འཐུབ་ཚབ་མི་སྣ་དང་དང་ལེན་སྡེ་ཁག མི་བཀོལ་སྡེ་ཁག་གི་འཐུས་ཚབ་མི་སྣ་བཅས་ཀྱིས་གཏམ་བཤད།