མཚོ་སྔོན་ཞིང་ཆེན་སྐབས་བཅུ་གསུམ་པའི་དམངས་ཆེན་གྱི་གྲོས་ཚོགས་ཐེངས་བཞི་བ་ཟི་ལིང་ནས་གཟབ་རྒྱས་ངང་ཚོགས།
2020.01.16 ཁུངས། མཚོ་སྔོན་སྲིད་གཞུང་དྲ་བ། ཀློག་གྲངས། 48

ཟླ་དང་པོའི་ཚེས་བཅོ་ལྔ་ཉིན་གྱི་སྔ་དྲོར། མཚོ་སྔོན་ཞིང་ཆེན་སྐབས་བཅུ་གསུམ་པའི་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་བཞི་བ་མཚོ་སྔོན་གྲོས་ཚོགས་ལྟེ་གནས་ནས་གཟབ་རྒྱས་ངང་ཚོགས།

ལིག་ཉིང་གིས་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཚབ་བྱས་ཏེ་སྲིད་གཞུང་བྱ་བའི་སྙན་ཞུ་ཕུལ། 

ཟླ་དང་པོའི་ཚེས་བཅོ་ལྔ་ཉིན་གྱི་སྔ་དྲོར། མཚོ་སྔོན་ཞིང་ཆེན་སྐབས་བཅུ་གསུམ་པའི་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་བཞི་བ་མཚོ་སྔོན་གྲོས་ཚོགས་ལྟེ་གནས་ནས་གཟབ་རྒྱས་ངང་ཚོགས། ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་ཁུལ་བརྒྱད་དང་བཅིངས་འགྲོལ་དམག་བཅས་འཐུས་ཚབ་ཚོགས་པ་དགུ་ནས་ཡོང་བའི་ཞིང་ཆེན་སྐབས་བཅུ་གསུམ་པའི་དམངས་ཆེན་འཐུས་མི་ཚོགས་ཆེན་འགོ་བརྩམས་པའི་མཛད་སྒོར་ཞུགས་ཏེ་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་གནང་བའི་འགན་འཁྲི་ལག་བསྟར་བྱས་པ་དང་། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་ལ་མཉམ་དུ་ཇུས་གཞི་བཏོན།

ཞིང་ཆེན་དམངས་ཆེན་གྱི་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་བར་འཐུས་མི་སུམ་བརྒྱ་དང་གོ་གཅིག་ཞུགས་དགོས་པ་དང་། ཉིན་དེར་འཐུས་མི་སུམ་བརྒྱ་དང་རེ་དགུ་ཞུགས་པས་བཅའ་ཁྲིམས་ཀྱིས་གཏན་ཁེལ་བྱས་པའི་མི་གྲངས་དང་མཐུན།

ཉིན་དེའི་སྔ་དྲོའི་དུས་ཚོད་དགུའི་སྟེང་། ཚོགས་ཆེན་རྔམ་བརྗིད་ལྡན་པའི་རྒྱལ་གླུའི་ཁྲོད་དུ་དངོས་སུ་ཚོགས་འགོ་བརྩམས་པ་དང་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་ཝང་ཅན་ཅུན་གྱིས་ཚོགས་ཆེན་ལ་འགོ་འཛིན་བྱས།

ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་ཀྲང་ཀོང་རོང་དང་མ་ཝེ། ཀའོ་ཧྭ། ཉི་མ་སྒྲོལ་མ། ཉའོ་ཁྲིན་ཡུན། ཝུའུ་ཧེ་ཁུན། ལིག་ཐུན་ཏི། ཅ་དབྱིན་ཀྲུང་བཅས་ཀྲུའུ་ཞིའི་སྟེགས་བུའི་མདུན་གྲལ་དུ་བཞུགས་ཡོད།

ཚོགས་ཆེན་ལ་བསྡོམས་པས་གྲོས་རིམ་གསུམ་ཡོད། གཅིག ཧྲིན་ཀྲང་ལིག་ཉིང་གིས་ཕུལ་བའི་སྲིད་གཞུང་བྱ་བའི་སྙན་ཞུ་ལ་ཉན་རྒྱུ། གཉིས། མཚོ་སྔོན་ཞིང་ཆེན་གྱི་ཉིས་སྟོང་བཅུ་དགུ་ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་གཞིའི་ལག་བསྟར་གནས་ཚུལ་དང་ཉིས་སྟོང་ཉི་ཤུ་ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་གཞིའི་འཆར་ཟིན་སྙན་ཞུ་ལ་ཞིབ་བཤེར་བྱེད་རྒྱུ། གསུམ། མཚོ་སྔོན་ཞིང་ཆེན་གྱི་ཉིས་སྟོང་བཅུ་དགུ་ལོའི་སྔོན་རྩིས་ལག་བསྟར་གནས་ཚུལ་དང་ཉིས་སྟོང་ཉི་ཤུ་ལོའི་སྔོན་རྩིས་འཆར་ཟིན་སྙན་ཞུ་ལ་ཞིབ་བཤེར་བྱེད་རྒྱུ་བཅས་རེད།

ཚོགས་ཆེན་སྟེང་ལིག་ཉིང་གིས་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཚབ་བྱས་ཏེ་སྲིད་གཞུང་བྱ་བའི་སྙན་ཞུ་ཕུལ། སྙན་ཞུ་ལ་བསྡོམས་པས་ཁག་བཞི་རུ་བགོས་ཡོད། གཅིག ཉིས་སྟོང་བཅུ་དགུ་ལོའི་བྱ་བར་ཕྱིར་དྲན་བྱེད་རྒྱུ། གཉིས། ཉིས་སྟོང་ཉི་ཤུ་ལོའི་བྱ་བའི་སྤྱིའི་རེ་བ། གསུམ། ཉིས་སྟོང་ཉི་ཤུ་ལོའི་བྱ་བའི་ལས་འགན་གཙོ་བོ། བཞི། སྲིད་གཞུང་རང་སྟེང་གི་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱུ་བཅས་རེད།

ལིག་ཉིང་གིས་བཤད་རྒྱུར། འདས་པའི་ལོ་གཅིག་ནི་མཚོ་སྔོན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་ནས་སྤྱིར་བཏང་མ་ཡིན་པའི་ལོ་ཞིག་ཡིན། ཕྱི་ཕྱོགས་ཁོར་ཡུག་རྙོག་འཛིང་ཆེ་ཞིང་ཉེན་ཁ་དང་འགྲན་རྩོད་མངོན་གསལ་སྒོས་ཇེ་མང་དུ་འགྲོ་བ་དང་དཔལ་འབྱོར་ཉམས་རྒུད་དུ་འགྲོ་བའི་གནོན་ཤུགས་རྒྱུན་མཐུད་སྒོས་ཇེ་ཆེར་འགྲོ་བའི་ཛ་དྲག་གནས་བབ་འོག ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་དང་ཞིང་ཆེན་ཏང་ཨུའི་ཡང་དག་པའི་འགོ་ཁྲིད་འོག ང་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི་བརྗོད་དོན་སློབ་གསོའི་བསམ་བློ་ཉིང་བསྡུ་དང་སྟོབས་ཤུགས་གཅིག་སྡུད་བྱས་ཤིང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ལག་བསྟར་ནན་མོ་བྱས་པ་དང་བརྟན་འཇགས་དྲུག་གི་བྱ་བ་བཟང་བོར་བསྒྲུབས་པ། ཏན་ཏན་ཏིག་ཏིག་བཞི་ཡི་རེ་བ་གལ་ཆེན་ཁྱོན་ཡོངས་ནས་དངོས་འབེབས་བྱས་པ། ཧུར་ཐག་སྒོས་སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ལ་སྐུལ་འདེད་བཏང་བར་མ་ཟད། བཅོས་སྒྱུར་སྒོ་འབྱེད་ཁྲོད་དུ་འགྱུར་ལྡོག་ལ་བརྟེན་ནས་སྐུལ་འདེད་བཏང་བ་དང་འགྲན་རྩོད་བསུ་བའི་ཁྲོད་དུ་བརྟན་འཇགས་སྒོས་འགྱུར་ལྡོག་ལ་སྐུལ་འདེད་བཏང་ཞིང་། ཉེན་ཁ་ཞི་འཇགས་སུ་གཏོང་བའི་ཁྲོད་དུ་སྐུལ་འདེད་ལ་བརྟེན་ནས་བརྟན་འཇགས་སྲ་བརྟན་དུ་བཏང་བ་དང་། ཞིང་ཆེན་དམངས་ཆེན་གྱི་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པའི་སྟེང་གཏན་ཁེལ་བྱས་པའི་དམིགས་འབེན་དང་ལས་འགན་ཕལ་ཆེར་ཡོངས་འགྲུབ་བྱས་པ་དང་། ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་རྩ་གནད་མངོན་འགྱུར་བྱས་ཚད་སྔོན་དཔག་དུས་སྐབས་དང་མཐུན་ལ། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པར་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པའི་ཕྱོགས་སུ་གོམ་པ་བརྟན་པོ་སྤས། དམངས་ཚིས་དོན་དངོས་ཁས་ལེན་བྱས་པ་ཚང་མ་དོན་ཐོག་ཏུ་འཁྱོལ་བར་བྱས་པ་དང་། དབུལ་ཕོངས་མི་གྲངས་དུས་ལྟར་མེད་པར་བཏང་བ། སྐབས་དང་པོའི་རྒྱལ་ཁབ་སྤྱི་གླིང་གླེང་སྟེགས་བདེ་བླག་ངང་བསྒྲུབས་པ། སྟོབས་ལྡན་ཁེ་ལས་ལྔ་བརྒྱའི་མཐོ་རིམ་གྲོས་ཚོགས་ཀྱིས་དམངས་གཉེར་ཁེ་ལས་ལ་གོ་སྐབས་གང་མང་འདོན་སྤྲོད་བྱས་པ། བབ་བསྟུན་མདུན་སྐྱོད་སྒོས་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་འཚོལ་ཞིབ་བྱས་པ། ཀྲུང་ཧྭའི་ཆུ་མཛོད་སྲུང་སྐྱོབ་བྱས་ནས་ཕན་འབྲས་མངོན་གསལ་ཐོབ་པ། ཚད་མཐའི་བསམ་ཕྱོགས་ཀྱིས་ཉེན་ཁ་ཚབས་ཆེན་སྔོན་འགོག་དང་ཚོད་འཛིན་བྱས་པ། ཁུར་བོ་ཇེ་ཡང་དུ་གཏོང་བ་དང་གྲོན་ཆུང་བྱེད་པ། ཡིད་ཆེས་འཛུགས་པ། ནག་འཇོམས་ངན་སེལ་བཅས་ཀྱི་ཐད་ནས་གྲུབ་འབྲས་མངོན་གསལ་ཐོབ་པ། མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པར་འབད་བརྩོན་སྟོབས་ཤུགས་གཅིག་སྡུད་བྱས། ལོ་གཅིག་གི་ནང་དུ་ང་ཚོས་ཐོག་མའི་བསམ་འདུན་དང་འགན་འཁྲི་ལག་བསྟར་བྱས་པ་དང་འབད་བརྩོན་ཆེན་པོ་བྱས་ནས་འགྲུབ་འབྲས་གསར་བ་བླངས། སྔོན་དཔག་བྱས་ན་ཞིང་ཆེན་ཡོངས་ཀྱི་ས་ཁུལ་གྱི་ཐོན་སྐྱེད་སྤྱིའི་ཐོན་རིན་བརྒྱ་ཆའི་དྲུག་དང་གྲངས་ཆུང་ལྔ་ཡས་མས་སུ་འཕར་སྣོན་བྱུང་བ་དང་། ཞིང་ལས་དང་ཁྲིམས་མཐུན་བཟོ་ལས་ཀྱི་འཕར་རིན་སོ་སོར་བརྒྱ་ཆའི་བཞི་དང་གྲངས་ཆུང་དྲུག་དང་བརྒྱ་ཆའི་བདུན་ལ་འཕར་སྣོན་བྱུང་ཞིང་། བརྟན་འཇགས་མ་དངུལ་གཏོང་བ་དང་སྤྱི་ཚོགས་འཛད་སྤྱོད་ཐོན་རྫས་སིལ་འཚོང་གི་སྤྱི་གྲངས་སོ་སོར་བརྒྱ་ཆའི་ལྔ་དང་བརྒྱ་ཆའི་ལྔ་དང་གྲངས་ཆུང་བཞི་ལ་འཕར་སྣོན་བྱུང་བ་དང་། ས་གནས་སྤྱིར་བཏང་གི་སྤྱི་ཐུན་སྔོན་རྩིས་ཡོང་སྒོ་བརྒྱ་ཆའི་གསུམ་དང་གྲངས་ཆུང་བཞི་ལ་འཕར་སྣོན་བྱུང་། སྟོབས་ཤུགས་ཡོད་རྒུ་བཏོན་ནས་མཁྲེགས་གཏོར་འཐབ་ཇུས་ཆེན་པོ་གསུམ་ལག་བསྟར་བྱས་པ་དང་། འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་གཏོང་ཟབ་ཏུ་སྤེལ་བ། ཧུར་ཐག་སྒོས་ནུས་ལྡན་དགོས་མཁོ་རྒྱ་སྐྱེད་པ། རྒྱུན་མཐུད་སྒོས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་ཤུགས་བསྣན་པ། བཅོས་སྒྱུར་ཟབ་སྤེལ་དང་སྒོ་འབྱེད་རྒྱ་སྐྱེད་པ་རྒྱུན་འཁྱོངས་བྱས་པ། དམངས་ཚིས་འགན་སྲུང་དང་ལེགས་བཅོས་བྱས་པ། སྲིད་གཞུང་འཛུགས་སྐྲུན་དང་སྤྱི་ཚོགས་བཅོས་སྐྱོང་ལ་ཤུགས་བསྣན་ཟེར།

ལིག་ཉིང་གིས་བཤད་རྒྱུར། ལོ་གཅིག་རིང་ལ་བྱ་བ་བསྒྲུབས་པ་བརྒྱུད་ནས། ང་ཚོས་སྲིད་གཞུང་བྱ་བ་བཟང་བོར་བསྒྲུབ་སྐབས། ངེས་པར་དུ་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་པ་རྒྱུན་འཁྱོངས་བྱས་ཏེ། འདུ་ཤེས་བཞི་བརྟན་པོར་ཆགས་པར་བྱེད་པ་དང་རང་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོབ་གཉིས་ལེགས་པོར་བསྒྲུབ་དགོས་ལ། ངེས་པར་དུ་ཏང་གིས་དཔལ་འབྱོར་བྱ་བར་འགོ་ཁྲིད་པ་རྒྱུན་འཁྱོངས་བྱས་ཏེ། ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་དང་རེ་བ་ལག་བསྟར་དང་དངོས་འབེབས་བཟང་བོ་བྱེད་པ་དང་། མི་དམངས་མང་ཚོགས་ལ་བརྟེན་ནས་ཧུར་ཐག་དང་རང་འགུལ་སྒོས་བྱ་བ་བཟང་བོར་བསྒྲུབ་དགོས་པ་དང་། ངེས་པར་དུ་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པ་དེ་ཡུན་རིང་གི་བསླབ་གཞི་རུ་བརྩིས་ཏེ་རྒྱུན་འཁྱོངས་ལྷོད་མེད་སྒོས་དམ་འཛིན་བྱས་ཏེ། དཀའ་སྤྱད་བརྩོན་ལེན་དང་གསར་གཏོད་གསར་སྐྲུན་བྱེད་པའི་སྤོབས་སེམས་ཆེར་བསྐྱེད་དང་དཀའ་སྤྱད་སྡུག་རུས་སྒོས་དོན་དངོས་དམ་འཛིན་བྱེད་པའི་སྒུལ་ཤུགས་སྔར་ལས་ཇེ་ཆེར་གཏོང་དགོས་པའི་ངོས་ཟིན་ཟབ་མོ་བྱུང་།

ལིག་ཉིང་གིས་ནན་གྱིས་བསྟན་དོན། ད་ལོ་སྲིད་གཞུང་བྱ་བའི་སྤྱི་ཁོག་གི་རེ་བ་ནི། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་ཐེངས་གསུམ་པ། ཐེངས་བཞི་བ་དང་ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ། ཏང་གི་གཞི་རྩའི་གཞུང་ལུགས་དང་གཞི་རྩའི་ལམ་ཕྱོགས། གཞི་རྩའི་ཇུས་གཞི་མཐའ་གཅིག་ཏུ་ལག་བསྟར་བྱེད་པ། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་རང་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོབ་གཉིས་ལག་བསྟར་བྱེད་པ། གཏན་འཇགས་ཁྲོད་འཕེལ་རྒྱས་བརྩོན་ལེན་བྱེད་པའི་བྱ་བའི་སྤྱིའི་དགོངས་གཞི་རྒྱུན་འཁྱོངས་བྱེད་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་རྒྱུན་འཁྱོངས་བྱེད་པ། འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་བསྒྱུར་གཙོ་ཐིག་ཏུ་བྱེད་པ་རྒྱུན་འཁྱོངས་བྱེད་པ། བཅོས་བསྒྱུར་སྒོ་འབྱེད་སྒུལ་ཤུགས་སུ་བྱེད་པ་རྒྱུན་འཁྱོངས་བྱེད་པ། མཁྲེགས་གཏོར་གསུམ་གྱི་རྒྱལ་ཁ་ལེན་པ། གཏན་འཇགས་དྲུག་གི་བྱ་བ་བཟང་བོར་བསྒྲུབ་པ། ལྔ་བཞི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱེད་པ། ཧུར་ཐག་གིས་སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་སྤེལ་བ། དཔེ་སྟོན་ལྔའི་ཞིང་ཆེན་འཛུགས་སྐྲུན་ལ་གཅིག་གྱུར་བཀོད་འདོམས་བྱེད་པ། དཔལ་འབྱོར་རྣམ་པ་བཞིའི་སྣེ་ཁྲིད་ཇེ་དྲག་ཏུ་གཏོང་བ། ལྗང་མདོག་འཕེལ་རྒྱས་ཀྱི་རྣམ་པ་གདང་འདེགས་རིམ་སྤོར་བྱེད་པ། གཏན་འཇགས་འཕར་སྣོན་དང་བཅོས་བསྒྱུར་ལ་སྐུལ་འདེད་གཏོང་བ། གྲུབ་ཚུལ་ལེགས་སྒྲིག་བྱེད་པ། དམངས་ཚིས་ལ་ཕན་འདོགས་པ། ཉེན་ཁ་ཚོད་འགོག་བྱེད་པ། གཏན་འཇགས་ལ་འགན་སྲུང་བྱེད་པར་གཅིག་གྱུར་བཀོད་འདོམས་བྱེད་པ། རྒྱུན་མཐུད་ངང་སྲིད་གཞུང་གི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་བསྒྱུར་བ། དཔལ་འབྱོར་རྒྱུན་མཐུད་ངང་བདེ་ཐང་ངང་འཕེལ་རྒྱས་སུ་གཏོང་བ་དང་སྤྱི་ཚོགས་འཆམ་མཐུན་གཏན་འཇགས་སྲུང་འཛིན་བྱས་ཏེ། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པ་དང་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་མཇུག་བཟང་བོ་བསྡུ་བར་ཁག་ཐེག་བྱེད་རྒྱུ་བཅས་ཡིན་ཟེར།

ད་ལོའི་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྔོན་རྩིས་དམིགས་འབེན་གཙོ་ནི། གཅིག་ནས་ས་ཁུལ་གྱི་ཐོན་སྐྱེད་སྤྱིའི་རིན་ཚད་བརྒྱ་ཆའི་དྲུག་ནས་བརྒྱ་ཆའི་དྲུག་དང་གྲངས་ཆུང་ལྔ་རུ་འཕར་སྣོན་བྱེད་དགོས། གཉིས་ནས་ཞིང་ཆེན་ཡོངས་ཀྱི་མཁའ་དབུགས་ཀྱི་སྤུས་ཚད་བཟང་བའི་ཉིན་གྲངས་བསྡུར་ཚད་བརྒྱ་ཆའི་གྱ་ལྔའི་ཡན་རྒྱུན་འཁྱོངས་བྱེད་པ་དང་། གྲོང་ཁྱེར་གཙོ་བོའི་མཁའ་དབུགས་བཟང་བའི་ཉིན་གྲངས་བསྡུར་ཚད་བརྒྱ་ཆའི་གྱ་གཉིས་ཡན་དུ་སླེབས་པར་བྱེད་པ། ཙོང་ཆུའི་ཆུ་སྤུས་བཟང་བ་རྒྱུན་འཁྱོངས་བྱེད་པ། རིམ་པ་གསུམ་པའི་ཆུ་སྤུས་ཀྱི་ཟིན་ཚད་བརྒྱ་ཆའི་ལྔ་བཅུ་ཡན་དུ་སླེབས་པར་བྱེད་དགོས། གསུམ་ནས་སྡོད་དམངས་ཡོངས་ཀྱི་མི་རེའི་ཆ་སྙོམས་ཀྱིས་བཀོལ་སྤྱོད་བྱེད་ཆོག་པའི་ཡོང་སྒོའི་འཕར་སྣོན་རྒྱུན་མཐུད་ངང་དཔལ་འབྱོར་འཕར་སྣོན་གྱི་མྱུར་ཚད་ལས་མཐོ་བར་བྱེད་དགོས། བཞི་ནས་དག་གཙང་ནུས་ཁུངས་ཀྱི་གློག་འདོན་འཕྲུལ་འཁོར་གྱི་གློག་འདོན་ཚད་ཀྱི་བསྡུར་ཚད་བརྒྱ་ཆའི་དགུ་བཅུའི་ཡན་དུ་སླེབས་པ་དང་། ལུད་རྫས་ཞིང་སྨན་ཇེ་ཉུང་དུ་གཏོང་བ་དང་ཕན་འབྲས་ཇེ་མཐོར་གཏོང་བའི་ཚོད་ལྟའི་རྒྱ་ཁྱོན་མུའུ་སུམ་བརྒྱ་རུ་སླེབས་པར་བྱེད་པ། མཛེས་པའི་གྲོང་གསེབ་བཅུ་དང་མཐོ་སྒང་གི་མཛེས་པའི་ཞིང་གྲོང་སུམ་བརྒྱ་ཡང་བསྐྱར་འཛུགས་སྐྲུན་བྱེད་པ། ཞིང་ཆེན་ཡོངས་ཀྱི་རྫོང་བརྒྱ་ཆའི་དྲུག་ཅུ་རུ་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ས་ཁུལ་འཛུགས་སྐྲུན་བྱས་ཏེ། རབ་མཛེས་མཚོ་སྔོན་གྱི་ཁྱད་ཆོས་མངོན་པར་བྱེད་དགོས་པའི་གྲོས་གཞི་བཏོན།

ལིག་ཉིང་གིས་ནན་གྱིས་བསྟན་དོན། ལོ་ཧྲིལ་བོའི་དམིགས་འབེན་ལས་འགན་གཙོ་བོ་ཡོངས་འགྲུབ་བྱེད་ན། ཕྱོགས་དྲུག་ཁོང་དུ་ཆུད་པར་དོ་སྣང་བྱེད་དགོས་ཏེ། གཅིག་ནས་འདུ་ཤེས་དང་གྲུབ་ཚུལ་ཇེ་དྲག་ཏུ་གཏོང་དགོས། དཔེ་སྟོན་ཞིང་ཆེན་ལྔ་དང་དཔལ་འབྱོར་རྣམ་པ་བཞི་འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ལག་བསྟར་བྱེད་པའི་བྱེ་བྲག་ལག་ལེན་དུ་བྱེད་པ་དང་། ཧུར་ཐག་གིས་སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་སྤེལ་བ། ལྗང་མདོག་འཕེལ་རྒྱས་ཀྱི་རྣམ་པར་གདང་འདེགས་རིམ་སྤོར་བྱེད་དགོས། གཉིས་ནས་དགོས་མཁོ་དང་འགྲུབ་ཐུབ་པ་གཉིས་ལ་ཕན་ཚུན་ལྟ་རྟོག་བྱེད་དགོས། གཏན་འཇགས་ཁྲོད་འཕེལ་རྒྱས་བརྩོན་ལེན་བྱེད་པའི་བྱ་བའི་སྤྱིའི་དགོངས་གཞི་ཁོང་དུ་ཆུད་པར་བྱེད་པ་དང་། གནོན་ཤུགས་གདོང་གིས་བསུས་ནས་མདུན་དུ་བསྐྱོད་དེ། ཧུར་ཐག་གིས་ཆུ་ཚད་སྔས་ལས་མཐོ་བའི་འཕེལ་རྒྱས་མངོན་འགྱུར་བྱེད་དགོས། གསུམ་ནི་འཕེལ་རྒྱས་དང་སྲུང་སྐྱོབ་ལ་གཅིག་གྱུར་བཀོད་འདོམས་བྱེད་དགོས། འཕེལ་རྒྱས་ཀྱི་ལས་འགན་གཙོ་བོ་དང་སྲུང་སྐྱོབ་ཀྱི་འགན་འཁྲི་དང་པོ་ཡིད་ལ་དམ་པོར་བཅངས་ནས། ཧུར་ཐག་གིས་རང་བྱུང་སྐྱེ་ཁམས་ཚན་པ་དང་མིའི་རིགས་སྤྱི་ཚོགས་ཀྱི་དོ་དམ་ཚན་པ། རང་བྱུང་སྐྱེ་ཁམས་ཀྱི་འདེགས་སྐྱོར་ནུས་པ་དང་མིའི་རིགས་འཕེལ་རྒྱས་ཀྱི་ཐོན་སྐྱེད་ནུས་པའི་མཉམ་ལས་གཉིས་མངོན་འགྱུར་བྱེད་དགོས། བཞི་ནི་ཆོས་ཉིད་དང་སྔོན་རྩིས་ཁོང་དུ་ཆུད་པར་བྱེད་དགོས། གཏན་འཇགས་དྲུག་གི་བྱ་བར་དམ་འཛིན་བྱེད་པ་དང་། འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་བསྒྱུར་གྱི་ཡིག་འབྲུ་བརྒྱད་ཀྱི་བྱེད་ཕྱོགས་ཐོག་མཐའ་བར་གསུམ་དུ་ཁྱབ་པར་བྱེད་པ། དགོས་མཁོ་ཕྱོགས་ཀྱི་དགོས་མཁོ་ལ་ལྟ་རྟོག་བྱེད་པ། སྤྱི་ཚོགས་ཀྱིས་སེམས་ཁུར་བྱེད་པར་ལན་བཏབ་ནས། གཏན་འཇགས་ཀྱི་སྔོན་རྩིས་གྲུབ་པར་བྱེད་དགོས། ལྔ་ནི་གསར་གཏོད་དང་ལག་བསྟར་ལ་དོ་སྣང་བྱེད་དགོས། གསར་གཏོད་ཁོར་ཡུག་བསྐྲུན་པ་དང་། ཧུར་ཐག་གིས་གསར་གཏོད་ནུས་པ་དང་ལག་བསྟར་ལས་ཆོད་མཐོར་འདེགས་གཏོང་བ། སྒྲིག་གཞི་རྐྱེན་སྲོལ་ཐད་ཀྱི་བཀག་རྐྱེན་མེད་པར་བཟོས་ཏེ། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བའི་ཐད་ནས་སྔར་ལས་གསོན་ཤུགས་ལྡན་པར་བྱེད་དགོས། དྲུག་ནས་གོ་སྐབས་དང་ཉེན་ཁར་ཁ་གཏད་འཇལ་དགོས། རྒྱལ་ཁབ་ཀྱི་འཐབ་ཇུས་ཁྲོད་འདྲེས་པར་བྱེད་པ་དང་། ཉེན་ཁ་འདུ་ཤེས་ཇེ་དྲག་ཏུ་གཏོང་བ། གོ་སྐབས་དམ་འཛིན་བྱེད་པ། བདེ་སྡོད་ཉེན་བསམ་དང་གཏན་འཇགས་ཁྲོད་ཉེན་ཁ་མི་བརྗེད་པ། མཐོ་སར་འགྲེང་བ་དང་ཚད་མཐའ་དམ་སྲུང་བྱས་ནས། ཚད་མཐའ་དམ་སྲུང་བྱེད་པའི་ཁྲོད་གོ་སྐབས་དམ་འཛིན་བྱེད་པ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཟེར།

ལིག་ཉིང་གིས་ནན་གྱིས་བསྟན་དོན། ད་ལོའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བའི་རེ་བ་མཐོ་བ་དང་ལས་འགན་ལྕི་ལ། འགྲན་རྩོད་མང་བ་དང་། ཕྱོགས་བཅུའི་ཐད་ཀྱི་བྱ་བ་གཙོ་བོར་དམ་འཛིན་བྱེད་དགོས་ཏེ། གཅིག་ནས་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པ་དང་། གཉིས་ནས་མཁྲེགས་གཏོར་ཆེན་པོ་གསུམ་གྱི་རྒྱལ་ཁ་ལེན་དགོས། གསུམ་ནས་དཔེ་སྟོན་ཞིང་ཆེན་ལྔ་འཛུགས་སྐྲུན་བྱེད་པར་གཅིག་གྱུར་བཀོད་འདོམས་བྱེད་དགོས། བཞི་ནས་དཔལ་འབྱོར་རྣམ་པ་བཞིའི་སྣེ་ཁྲིད་ཇེ་དྲག་ཏུ་གཏོང་དགོས། ལྔ་ནས་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་ལྕགས་རི་བརྟན་པོ་འཛུགས་སྐྲུན་བྱེད་དགོས། དྲུག་ནས་འབྲི་ཆུ་དང་རྨ་ཆུ་རྒྱལ་ཁབ་ཀྱི་འཐབ་ཇུས་ཁྲོད་འདྲེས་པར་བྱེད་དགོས། བདུན་ནི་སྟོབས་ཤུགས་ཡོད་རྒུས་དཔལ་འབྱོར་གཏན་འཇགས་ངང་འཕར་སྣོན་ཡོང་བ་རྒྱུན་འཁྱོངས་བྱེད་དགོས། བརྒྱད་ནི་བཅོས་བསྒྱུར་སྒོ་འབྱེད་གཏིང་ཟབ་ཏུ་གསར་གཏོད་བྱེད་དགོས། དགུ་ནས་ལོ་ལྔའི་འཆར་གཞི་བཅུ་གསུམ་པ་ཁྱོན་ཡོངས་ནས་འགྲུབ་པར་བྱེད་དགོས། བཅུ་ནས་དམངས་ཚིས་འགན་སྲུང་གི་ཆུ་ཚད་རྒྱུན་མ་ཆད་པར་མཐོར་འདེགས་གཏོང་དགོས་ཟེར།

ལིག་ཉིང་གིས་མཇུག་མཐར་ནན་གྱིས་བསྟན་དོན། སྲིད་གཞུང་གི་རང་སྟེང་འཛུགས་སྐྲུན་ལ་ཤུགས་སྣོན་དགོས། སྲིད་གཞུང་ལས་ཁུངས་ཀྱི་བཅོས་བསྒྱུར་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་། སྲིད་གཞུང་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་འཛུགས་སྐྲུན་ལ་ཤུགས་སྣོན་པ། ལམ་ལུགས་དགེ་མཚན་བཅོས་སྐྱོང་ཕན་ནུས་སུ་བསྒྱུར་ནས། མི་དམངས་ཡིད་ཚིམ་པའི་ཞབས་ཞུ་རང་བཞིན་གྱི་སྲིད་གཞུང་འཛུགས་སྐྲུན་བྱེད་དགོས། ཆབ་སྲིད་འཛུགས་སྐྲུན་གོ་གནས་དང་པོར་འཇོག་པ་དང་། ཁྲིམས་སྐྱོང་སྲིང་གཞུང་ཧ་ལམ་འགྲུབ་པར་བྱེད་པ། རྒྱུན་མཐུད་ངང་བྱ་བའི་སྤྱོད་ཚུལ་བསྒྱུར་བ། སྲིད་གཙང་འཛུགས་སྐྲུན་ལ་ཤུགས་བསྣན་ནས། གྲོན་ཆུང་གིས་འཚོ་བ་སྐྱེལ་བའི་བསམ་བློ་འཛུགས་དགོས། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་ལས་མཐུན་སྒྲིལ་དམ་ཟབ་བྱེད་པ་དང་། ཞིང་ཆེན་ཏང་ཨུའི་འགོ་ཁྲིད་བརྟན་པོའི་འོག ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ལ་རྒྱབ་རྟེན་ནས། ཐོག་མའི་བསམ་འདུན་དང་འགན་འཁྲི་དམ་སྲུང་བྱེད་པ་དང་། ཧུར་ཐག་གིས་ཁག་ཁུར་འགན་ལེན་བྱས་ཏེ། རྒྱལ་ཡོངས་དང་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པ་དང་། སྔར་ལས་འབྱོར་ཕྱུག་དཔལ་ཡོན་དང་འཆམ་མཐུན་མཛེས་སྡུག་གི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་ཐད་བྱས་རྗེས་སྔར་ལས་ཆེན་པོ་འཇོག་དགོས་ཟེར།

ཀྲུའུ་ཞིའི་སྟེགས་བུ་སྟེང་བཞུགས་པའི་འགོ་ཁྲིད་ད་དུང་། རྡོ་རྗེ་རབ་བརྟན་དང་རིན་ཆེན་རྒྱལ། པད་མ། ཝང་ཞའོ། མགོན་པོ་བཀྲ་ཤིས། ཀྲང་ཞི་མེན། ལིས་ཅེ་ཞང་། ཡན་ཅིན་ཧའེ། ཝང་ཡུས་ཡན། ཡུས་ཚོང་ལི། མཱ་ཅི་ཞའོ། ཆུའུ་ཞིན་ཡུང་། དབྱིན་པད། ཁོང་ཡུང་། ཝང་ལིས་མེན། དབྱང་ཧྥུན་ཁྲུན། ཝང་ཀྲིན་ཧྲིན། ཐེན་ཅིན་ཁྲིན། ཀྲང་ལིས། ལིག་ཐའོ། ཝང་ཞའོ་ཡུང་། རིན་ཆེན་རྣམ་རྒྱལ། ཀྲང་ཧྲིན་ཁྲིན། གཟིམ་ཁང་ཚང་། ཀྲང་ཝུན་ཁུའེ། མཱ་ཧའེ་དབྱིན། ཝང་ཞོན། ཏུའུ་ཏི་ཀྲི མཱ་ཀྲི་ཝེ། དབྱང་ཁི་ཞང་། ཁྲིན་མེན་ཀའོ། མིན་ཡུང་ཧྲན་བཅས་ཡོད།

བློ་མཐུན་རྒན་པ་སྟག་འབུམ་ཐར་དང་སུའུ་ཉིང་། དབང་མོ་བཅས་གདན་འདྲེན་བྱས་པ་ལྟར་གྲོས་ཚོགས་ལ་ཞུགས་པར་མ་ཟད་ཀྲུའུ་ཞི་སྟེགས་བུ་སྟེང་བཞུགས་ཡོད།

མཚོ་སྔོན་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་གསུམ་པར་ཞུགས་པའི་ཨུ་ཡོན་ཚང་མ་གྲོས་ཚོགས་ལ་ཟུར་ཞུགས་བྱས།