ཝང་ཅན་ཅུན་དང་ལིག་ཉིང་གཉིས་ཀྱིས་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཐད་ནས་ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ལ་འཕྲིན་ཡིག་བསྐུར།
2020.01.27 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 88

ཝང་ཅན་ཅུན་དང་ལིག་ཉིང་གཉིས་ཀྱིས་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཐད་ནས་ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ལ་འཕྲིན་ཡིག་བསྐུར། འཕྲིན་ཡིག་ནང་ཝང་ཅན་ཅུན་དང་ལིག་ཉིང་གཉིས་ཀྱིས་ཐོག་མར་ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ལ་ལོ་སར་གྱི་འཚམས་འདྲི་ཞུས།

འཕྲིན་ཡིག་ནང་བསྟན་དོན། ལོ་གསར་བའི་ནང་རང་རྒྱལ་གྱི་ས་ཆ་མང་པོ་ནས་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་བྱུང་བ་དང་། མཚོ་སྔོན་ཞིང་ཆེན་ནས་ཀྱང་གཏན་ཁེལ་བྱས་པའི་ནད་པ་རྙེད། རིམས་ནད་བྱུང་རྗེས། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཧ་ཅང་མཐོང་ཆེན་བྱས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་བར་མ་ཟད། ལོ་སར་ཚེས་གཅིག་ཉིན་འགོ་མཛིན་མཛད་དེ་ཀྲུང་དབྱང་ཆབ་སྲིད་ཅུའུ་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་བསྡུས་ནས་ཆེད་དུ་ཞིབ་འཇུག་དང་བཀོད་སྒྲིག་བྱས་པ་དང་། གསུང་བཤད་གལ་ཆེན་གནང་། ཙུང་ལི་ལིས་ཁི་ཆང་གིས་ཀྱང་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་། ལུགས་རྙིང་ལོ་སར་གྱི་སྔ་གཞུག་ཏུ། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཆེད་དོན་གྲོས་ཚོགས་རབ་དང་རིམ་པ་བསྡུས་ནས་རིམས་ནད་ཚོད་འཛིན་དང་འགོག་བཅོས་བྱེད་པའི་བྱ་བ་སྣ་ཚོགས་ལ་བཀོད་སྒྲིག་བྱས་པ་དང་། གློ་བུར་བྱུང་བའི་སྤྱི་ཐུན་དོན་རྐྱེན་ཆེན་པོའི་རིམ་པ་དང་པོའི་དོགས་ཟོན་དང་ལེན་ལག་བསྟར་བྱེད་འགོ་བརྩམས་ལ། རིམས་ནད་ཚོད་འགོག་དང་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་བཙུགས། མིག་སྔར། མཚོ་སྔོན་ཞིང་ཆེན་ཁྱོན་ཡོངས་ནས་རིམས་ནད་ལ་འགོག་རྒོལ་བྱེད་པའི་འཕྲལ་བསྟུན་རྣམ་པའི་ཁྲོད་ཞུགས་པ་དང་། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རིམས་ནད་ཚོད་འཛིན་དང་འགོག་བཅོས་བྱ་བའི་ཐད་ཀྱི་བཀོད་སྒྲིག་དང་རེ་བ་ལྟར། སྟོབས་ཤུགས་ལྡན་པ་དང་གོ་རིམ་ལྡན་པའི་སྒོ་ནས་ཚོད་འཛིན་དང་འགོག་བཅོས་བྱ་བ་སྤེལ་བཞིན་པའི་སྒང་ཡིན་ཟེར།

འཕྲིན་ཡིག་ནང་བསྟན་དོན། གློ་བུར་དུ་བྱུང་བའི་རིམས་ནད་དེས། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱི་ལོ་སར་དང་ཐོན་སྐྱེད་འཚོ་བ། ལྷག་པར་དུ་ཚེ་སྲོག་བདེ་འཇགས། ལུས་ཕུང་བདེ་ཐང་ཐད་གནོད་པ་ཆེན་པོ་བཟོས་པས། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱིས་ངེས་པར་དུ་སེམས་རྣལ་དུ་ཕབ་པ་དང་འཇིགས་སྐྲག་མི་སྐྱེས་པ། མཐུན་སྒྲིལ་བློ་གཅིག་བྱེད་པ་དང་ཡིད་ཆེས་ཇེ་བརྟན་དུ་གཏོང་དགོས། མྱུར་དུ་འགུལ་སྐྱོད་བྱེད་པ་དང་། རང་སྟེང་ནས་འགོ་རྩོམ་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་གཅིག་གྱུར་བཀོད་སྒྲིག་དང་འཕྲོད་བསྟེན་བདེ་ཐང་ལས་ཁུངས་ཀྱིས་འདོན་སྤྲོད་བྱས་པའི་མཛུབ་སྟོན་ལྟར་རང་ཉིད་འགོག་སྲུང་དང་རང་ཉིད་སྲུང་སྐྱོབ་བྱེད་པ་དང་། ལོ་སར་སྐབས་ཀྱི་འགྲོ་འོང་ཇེ་ཉུང་དུ་གཏོང་བ་དང་མི་མང་ཚོགས་སར་མི་འགྲོ་བ། གནས་སྐོར་དུ་མི་འགྲོ་བ་བཅས་བྱས་ནས། འགུལ་སྐྱོད་དངོས་ཀྱི་སྟེང་ནས་ཏང་ཨུ་དང་སྲིད་གཞུང་གི་བྱ་བར་རྒྱབ་སྐྱོར་བྱེད་པ་དང་། མཉམ་དུ་ཚན་རིག་དང་མཐུན་པའི་སྒོ་ནས་འགོག་བཅོས་བྱེད་པ་དང་རིམས་ནད་ལ་ཁ་གཏད་འཇལ་བའི་སྤྱི་ཚོགས་ཀྱི་སྣང་ཚུལ་བཟང་བོ་བསྐྲུན་ནས། ཧུར་ཐག་གིས་ཉེན་ཁ་སྣ་ཚོགས་ཇེ་ཆུང་དུ་གཏོང་དགོས།

མཐུན་སྒྲིལ་སེམས་གཅིག་དང་ལག་གདང་གཅིག་ཏུ་སྦྲེལ་ན་ཐག་གཅོད་མི་ཐུབ་པའི་དཀའ་ཁག་མེད་ལ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འགོ་ཁྲིད་བརྟན་པོའི་འོག ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱིས་རང་རྟོགས་འགུལ་སྐྱོད་བྱེད་པ་དང་མཐུན་སྒྲིལ་འབད་འཐབ་བྱས་ན། རིམས་ནད་ཚོད་འགོག་བྱེད་ཐུབ་པར་ང་ཚོ་ཡིད་ཆེས་བརྟན་པོ་ཡོད་ཟེར།