​ཞི་ཅིན་ཕིང་གིས་མཛུབ་སྟོན་གལ་ཆེན་གནང་སྟེ་རིམ་པ་སོ་སོའི་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་རྒྱ་ཆེའི་མི་དམངས་མང་ཚོགས་དང་མཐུན་སྒྲིལ་སྣེ་ཁྲིད་བྱས་ནས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་ལེན་མཐར་ཕྱིན་བྱེད་པ་དང་། མི་དམངས་མང་ཚོགས་ལ་བརྟེན་ནས་རིམས་ནད་འགོག་བཅོས་ཚོད་འཛིན་གྱི་རྒྱལ་ཁ་ལེན་དགོས་པའི་རེ་བ་བཏོན།
2020.01.28 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 385

ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས་ཉེར་བདུན་ཉིན་མཛུབ་སྟོན་གལ་ཆེན་གནངས་ཏེ་ནན་གྱིས་བསྟན་དོན། མིག་སྔར་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོག་བཅོས་ཚོད་འཛིན་བྱེད་པའི་ཛ་དྲག་འཐབ་རྩོད་ཁྲོད། རིམ་པ་སོ་སོའི་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ངེས་པར་དུ་མི་དམངས་ཀྱི་ཁེ་ཕན་ཡོད་ཚད་ལས་མཐོ་བ་དང་། ཐོག་མའི་སེམས་འདུན་མི་བརྗེད་པ་དང་འགན་འཁྲི་ཡིད་ལ་དམ་པོར་བཅངས་ཏེ། རྒྱ་ཆེའི་མི་དམངས་མང་ཚོགས་དང་མཐུན་སྒྲིལ་སྣེ་ཁྲིད་བྱས་ནས། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཡིད་ཆེས་བརྟན་པོ་དང་དཀའ་སྡུག་མཉམ་མྱོང་། ཚན་རིག་དང་མཐུན་པའི་འགོག་བཅོས། གནད་འཁེལ་ཇུས་བསྟར་སོགས་ཀྱི་རེ་བ་ལག་ལེན་གང་ལེགས་བྱས་ནས། ཏང་གི་དར་ཆ་དེ་རིམས་ནད་འགོག་བཅོས་ཚོད་འཛིན་འཐབ་རྩོད་ཀྱི་ལས་ཡུལ་དང་པོར་ལྷབ་ལྷུབ་ཏུ་བསྐྱོད་དུ་འཇུག་དགོས་ཞེས་གསུངས། 

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། རིམ་པ་སོ་སོའི་ཏང་ཨུ་ཡིས་ཚན་རིག་དང་མཐུན་པར་གནས་བབ་ལ་བརྡར་གཅོད་དང་གནད་འཁེལ་གྱི་རིམས་ནད་ལ་རྒྱུས་ལེན་བྱས་ཤིང་། གཅིག་གྱུར་མགོ་ཁྲིད་དང་གཅིག་གྱུར་བཀོད་འདོམ། གཅིག་གྱུར་འགུལ་སྐྱོད་སྤེལ་དགོས། རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱི་མགོ་ཁྲིད་ཚན་ཁག་དང་མགོ་ཁྲིད་ལས་བྱེད་པ། ཁྱད་པར་དུ་འགན་ཁུར་བློ་མཐུན་གཙོ་བོས་ལས་གནས་བརྟན་སྲུང་དང་ཡུལ་དངོས་ནས་མཛུབ་སྟོན་བྱེད་པ། འགན་འཁྲིའི་ཁག་ཁུར་ཡོད་པར་བྱེད་དགོས། གཞི་རིམ་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་གྱིས་བཙན་རྫོང་གི་འཐབ་རྩོད་ནུས་པ་དང་སྔོན་ཐོན་དཔེ་སྟོན་ནུས་པ་འདོན་སྤེལ་བྱས་ཏེ། མང་ཚོགས་ལ་རྒྱ་ཆེར་སྐུལ་སློང་བྱེད་པ་དང་། མང་ཚོགས་ལ་རྩ་འཛུགས་བྱས་ནས་མཉམ་འབྲེལ་འགོག་བཅོས་ཚོད་འཛིན་བྱེད་ཐབས་དངོས་འབེབ་དང་མཉམ་འགོག་མཉམ་བཅོས་ཀྱི་འགོག་སྲུང་རྣམ་པ་གཟབ་ནན་ཆགས་པར་བྱེད་དགོས། རིམ་པ་སོ་སོའི་ཏང་ཨུ་ཡིས་ཛ་དྲག་འཐབ་རྩོད་ཀྱི་ལག་ལེན་ཁྲོད་ལས་བྱེད་པར་དཔྱད་ཞིབ་བྱེད་པ་དང་། རྒྱ་ཆེའི་ཏང་ཡོན་གྱི་སྣེ་ཁྲིད་པར་སྐུལ་མ་གཏོང་བ། ལས་བྱེད་པ་དག་དཀའ་སྡུག་གི་སྐབས་སུ་འཛེམ་དོགས་མེད་པར་སྔོན་ལ་འབུད་པ་དང་། དཔའ་མཛངས་ལྡན་པར་འབད་འཐབ་བྱེད་པ། བྱ་བ་ནན་སྒྲུབ་བྱེད་པ། ཉམས་སད་ཐེག་པར་བྱས་ཏེ། མི་དམངས་མང་ཚོགས་དང་འབྲེལ་འདྲིས་དམ་ཟབ་བྱས་ནས་རིམས་ནད་འགོག་བཅོས་ཚོད་འཛིན་གྱི་རྒྱལ་ཁ་ལེན་དགོས་ཞེས་གསུངས།



ལོ་ཙཱ་བ། བསོད་ནམས་ཚེ་རིང་།