མཚོ་སྔོན་ཞིང་ཆེན་གྱིས་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་འགོག་བཅོས་ཚོད་འཛིན་བྱ་བའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་བསྡུས། 
2020.01.29 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 62

མཚོ་སྔོན་ཞིང་ཆེན་གྱི་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་འགོག་བཅོས་ཚོད་འཛིན་བྱ་བའི་བཀོད་འདོམ་པུའུ་ཡིས་ཟླ་དང་པོའི་ཚེས་ཉེར་བརྒྱད་ཉིན་ཟི་ལིང་ནས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་བསྡུས། ཧྲིན་ཀྲང་གཞོན་པ། ཞིང་ཆེན་རིམས་ནད་འགོག་བཅོས་ཚོད་འཛིན་བྱ་བའི་བཀོད་འདོམ་པུའུ་ཡི་བཀོད་འདོམ་དཔོན་པོ་གཞོན་པ་ཁོང་ཡུང་དང་། ཟི་ལིང་གྲོང་ཁྱེར་གྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲི་ཀྲང་། ཟི་ལིང་གྲོང་ཁྱེར་རིམས་ནད་འགོག་བཅོས་ཚོད་འཛིན་བྱ་བའི་བཀོད་འདོམ་པུའུ་ཡི་བཀོད་འདོམ་དཔོན་པོ་ཀྲང་ཞའོ་རོང་། ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝུའུ་ཅེ་བཅས་གདན་དྲངས་ཏེ། མཚོ་སྔོན་ཞིང་ཆེན་གྱི་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་འགོག་བཅོས་ཚོད་འཛིན་བྱ་བའི་འབྲེལ་ཡོད་གནས་ཚུལ་མཚམས་སྦྱོར་བྱས་པ་དང་། སྤྱི་ཚོགས་ཀྱིས་དོ་སྣང་བྱེད་པའི་གནད་དོན་གཙོ་བོར་ལན་བཏབ། 

སྒྲོག་སྤེལ་ཚོགས་འདུའི་སྟེང་། ཁོང་ཡུང་གིས་མཚོ་སྔོན་ཞིང་ཆེན་རིམས་ནད་འགོག་བཅོས་ཚོད་འཛིན་བྱ་བའི་བཀོད་འདོམ་པུའུ་ཡི་ཚབ་བྱས་ཏེ། མཚོ་སྔོན་ཞིང་ཆེན་གྱིས་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་འགོག་བཅོས་ཚོད་འཛིན་བྱ་བ་བསྒྲུབས་པའི་ཐད་ནས་སྒྲོག་སྤེལ་གཙོ་བོ་སྤེལ། ཁོས་བཤད་རྒྱུར། ཧུའུ་པེ་ཞིང་ཆེན་གྱི་ཝུའུ་ཧན་གྲོང་ཁྱེར་དུ་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་བྱུང་བའི་ཚུན་ལ། མཚོ་སྔོན་ཞིང་ཆེན་དང་ཞིང་ཆེན་སྲིད་གཞུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་། ཙུང་ལི་ལིས་ཁི་ཆང་གི་མཛུབ་སྟོན་གལ་ཆེན། ཙུང་ལི་ལིས་ཁི་ཆང་གིས་ལུགས་རྙིང་ལོ་སར་གྱི་སྔོན་དུ་མཚོ་སྔོན་ལ་རྟོག་ཞིབ་མཛད་སྐབས་བཏོན་པའི་རེ་བ་གལ་ཆེན། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་བཅས་ལག་ལེན་མཐར་ཕྱིན་བྱས་ཤིང་། སྔར་ལས་ལྷག་པའི་སྒོ་ནས་འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་ཡིད་ཆེས་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོབ་གཉིས་བཟང་བོར་བསྒྲུབས་ཏེ་ཐོག་མཐའ་བར་གསུམ་དུ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་ལུས་ཕུང་བདེ་ཐང་ཨང་དང་པོར་འཇོག་པ་དང་། རིམས་ནད་འགོག་བཅོས་ཚོད་འཛིན་བྱ་བ་བཟང་བོར་བསྒྲུབ་པ་དེ་མིག་སྔའི་ཆེས་གཟབ་ནན་གྱི་ཆབ་སྲིད་ལས་འགན་དུ་བརྩིས་ནས། འཕྲལ་ཐག་ཆོད་པས་ཇུས་ཐག་གཅོད་པ་དང་། མགྱོགས་མྱུར་སྒོས་བྱ་སྤྱོད་སྤེལ་བ། མཐུན་སྦྱོར་སྒོས་མཉམ་འབྲེལ་བྱེད་པ། ནན་ཏན་སྒོས་ས་གནས་གང་ལ་གཏོགས་ན་དེས་དོ་དམ་བྱེད་པའི་འགན་འཁྲི་ལག་བསྟར་བྱས་ནས། ཁྲིམས་ལྟར་གོ་རིམ་ལྡན་པའི་སྒོ་ནས་རིམས་ནད་ཀྱི་འགོག་བཅོས་ཚོད་འཛིན་བྱ་བ་སྤེལ་ནས། ཤུགས་ཆེན་པོས་ཞིང་ཆེན་ཡོངས་ཀྱི་མི་དམངས་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་ལུས་ཕུང་བདེ་ཐང་ལ་འགན་སྲུང་བྱས་ཤིང་། རྩ་འཛུགས་དང་མགོ་ཁྲིད་ཀྱི་བཀོད་སྒྲིག་ལ་ཤུགས་སྣོན་བྱས་ཏེ་རིམ་པ་དང་པོའི་དོགས་ཟོན་དང་ལེན་བྱེད་པ་དང་། འགག་སྒོ་སྔ་སྣུར་གྱིས་མཉམ་འགོག་མཉམ་བཅོས་རྒྱུན་འཁྱོངས་བྱས་ཏེ་ས་གནས་ཀྱི་འགན་འཁྲིའི་མཉམ་འགོག་མཉམ་སྲུང་བྱ་བ་དངོས་འབེབས་བྱས། 

ཁོང་ཡུང་གིས་བསྟན་དོན། སྔར་ལས་ལྷག་པའི་སྒོ་ནས་བཀོད་འདོམ་པུའུ་ཡིས་ཏང་ཀྲུང་དབྱང་གི་གཅིག་བསྡུས་གཅིག་གྱུར་མགོ་ཁྲིད་འོག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་ཀྲུང་དབྱང་ཆབ་སྲིད་ཅུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་སྟེང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་མཐའ་གཅིག་ཏུ་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཙུང་ལི་ལིས་ཁི་ཆང་གི་མཛུབ་སྟོན་དང་མཚོ་སྔོན་དུ་རྟོག་ཞིབ་བྱེད་སྐབས་ཀྱི་རེ་བ་གལ་ཆེན་ནན་ཏན་གྱིས་དངོས་འབེབས་བྱས་ཤིང་། ཀྲུང་དབྱང་གི་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་འགོག་བཅོས་ཚོད་འཛིན་བྱ་བའི་མགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་དང་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རྒྱ་བསྐྱེད་གྲོས་ཚོགས། ཞིང་ཆེན་སྲིད་གཞུང་ཏང་རྩ་འཛུགས་ཀྱི་གྲོས་ཚོགས། ཆེད་དོན་གྲོས་ཚོགས་བཅས་ཀྱི་བཀོད་སྒྲིག་གཞིར་བཟུང་སྟེ། ནན་ཏན་གྱིས་བྱ་བའི་འགན་འཁྲི་དངོས་འབེབ་བྱས་ནས་འགོག་སྲུང་ཐུབ་པར་ཁག་ཐེག་བྱེད་པ་དང་། ཕྱོགས་ཡོངས་ནས་ཚོད་འཛིན་བྱེད་ཐབས་ཇེ་དྲག་ཏུ་བཏང་ནས་ཚོད་འཛིན་བཟང་བོ་བྱེད་པར་ཁག་ཐེག་བྱེད་དགོས་ལ། སྤྱི་ཚོགས་ཁོར་ཡུག་བཟང་བོར་སྲུང་སྐྱོབ་བྱས་ནས་གཏན་འཇགས་ཐུབ་པར་ཁག་ཐེག་བྱེད་པ་དང་། མཐའ་གཅིག་ཏུ་རིམས་ནད་ཀྱི་འཐབ་རྩོད་སྤེལ་ནས་རྒྱལ་ཁ་ལོན་པར་ཁག་ཐེག་བྱེད་དགོས་པར་མ་ཟད། དཔལ་འབྱོར་འཕེལ་རྒྱས་གཡོ་འགུལ་མེད་པ་རྒྱུན་འཁྱོངས་བྱས་ཏེ་གྱོང་གུད་ཇེ་ཆུང་དུ་གཏོང་བར་ཁག་ཐེག་བྱེད་དགོས་ཟེར། 

སྔར་ལས་ལྷག་པའི་སྒོ་ནས་ཆབ་སྲིད་ཀྱི་རིམ་གནས་ཇེ་མཐོར་གཏོང་བ་དང་། སེམས་ཁྲལ་འདུ་ཤེས་དང་ཆབ་སྲིད་ཁག་ཁུར་ཇེ་དྲག་ཏུ་བཏང་སྟེ། ཕྱོགས་ཡོངས་ནས་བཀོད་སྒྲིག་དང་སྐུལ་སློང་། བྱ་བའི་བྱེད་ཐབས་ཇེ་དྲག་ཏུ་བཏང་ནས། གང་ནུས་ཅི་ལྕོགས་སྒོས་འགོག་སྲུང་ཐག་གཅོད་བྱ་བ་སྣ་ཚོགས་བཟང་བོར་བསྒྲུབས་ཏེ་རིམས་ནད་རྒྱ་ཡན་དུ་འགྲོ་བར་མཐའ་གཅིག་ཏུ་བཀག་འགོག་བྱེད་དགོས་ཟེར། 

ཀྲང་ཞའོ་རོང་གིས་ཚོགས་ཐོག་ནས་ཟི་ལིང་གྲོང་ཁྱེར་གྱི་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་འགོག་བཅོས་ཚོད་འཛིན་བྱ་བའི་གནས་ཚུལ་མཚམས་སྦྱོར་བྱས། ཁོས་བཤད་རྒྱུར། ཟི་ལིང་གྲོང་ཁྱེར་ཏང་ཨུ་དང་སྲིད་གཞུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཐད་བཏོན་པའི་མཛུབ་སྟོན་གལ་ཆེན་དང་ཙུང་ལི་ལིས་ཁི་ཆང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཕྱོགས་ཡོངས་ནས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། ཞིང་ཆེན་བཀོད་འདོམ་པུའུ་བཅས་ཀྱི་བཀོད་སྒྲིག་དང་རེ་བ་སྣ་ཚོགས་ལག་ལེན་དངོས་འབེབ་བྱས་ཏེ། རིམས་ནད་འགོག་བཅོས་ཚོད་འཛིན་གྱི་ཆབ་སྲིད་འགན་འཁྲི་དང་ས་ཁུལ་འགན་འཁྲི་ཁུར་དུ་བླངས་ནས་རིམས་ནད་ཀྱི་འགོག་བཅོས་ཚོད་འཛིན་བྱ་བ་དེ་མིག་སྔའི་ཆེས་གལ་ཆེ་བའི་བྱ་བར་དམ་འཛིན་བྱས་པ་དང་། གྲོང་ཁྱེར་ཏང་ཨུ་དང་སྲིད་གཞུང་གི་མགོ་ཁྲིད་གཙོ་བོས་སྣེ་ཁྲིད་པའི་བཀོད་འདོམ་པུའུ་མྱུར་དུ་བཙུགས་ནས་འགུལ་སྐྱོད་སྤེལ། དུས་ཆེན་སྐབས་སུ་བསྟུད་མར་གྲོས་ཚོགས་བསྡུས་ནས་སྐུལ་སློང་དང་བཀོད་སྒྲིག་གང་ལེགས་བྱས་པར་མ་ཟད། གྲོང་ཁྱེར་ཏང་ཨུ་དང་སྲིད་གཞུང་གི་མགོ་ཁྲིད་གཙོ་བོས་འགོག་བཅོས་ཚོད་འཛིན་གྱི་ལས་ཡུལ་དང་པོར་བརྟན་སྲུང་དང་བཀོད་འདོམ་བྱས་ཏེ། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོར་སྐུལ་སློང་བྱས་ནས་དོགས་ཟོན་མཐོར་འདེགས་བྱེད་དུ་བཅུག་སྟེ་རིམས་ནད་ཀྱི་འགོག་བཅོས་ཚོད་འཛིན་འཐབ་རྩོད་བྱ་བ་ཕྱོགས་ཡོངས་ནས་སྤེལ་ཡོད་ཟེར། 

ཉེ་སྔོན་གྱི་གྲོང་ཁྱེར་སྡོད་དམངས་རེ་འགས་དྲ་ཐོག་ཏུ་ཟི་ལིང་གྲོང་ཁྱེར་གྱིས་ཁྲོམ་ར་དང་སྔོ་ཚལ་ཚོང་རས་སྒོ་བརྒྱབ་པའི་འཆལ་གཏམ་བསྒྲགས་པས་ཟི་ལིང་གྲོང་ཁྱེར་མཁར་ཤར་ཁུལ་གྱི་ཁྲོམ་ར་རེ་འགར་གྲོང་ཁྱེར་སྡོད་དམངས་ཀྱིས་དངོས་ཟོང་འཕྲོག་ཉོ་བྱེད་པའི་གནས་ཚུལ་བྱུང་བའི་ཐད་ནས་ཀྲང་ཞའོ་རོང་གིས་འགྲེལ་བཤད་གསལ་བོ་བྱས། རྒྱ་ཆེའི་གྲོང་ཁྱེར་སྡོད་དམངས་ཀྱིས་རྒྱུན་ལྡན་ངང་འཚོ་བའི་མཁོ་དངོས་ཉོ་བསྡུ་བྱས་ཆོག་པ་དང་། དགོས་མེད་ཀྱི་ཆུད་ཟོས་ཇེ་ཉུང་དུ་གཏོང་དགོས་ཟེར། དེའི་ཞོར་དུ་མི་གཞན་པའི་བར་གྱི་འབྲེལ་འདྲིས་ཇེ་ཉུང་དུ་གཏོང་བ་དང་རང་འགུལ་གྱིས་དོགས་ཟོན་འདུ་ཤེས་ཇེ་དྲག་ཏུ་གཏོང་བ། རང་ཁྱིམ་དུ་འགོག་སྲུང་བྱེད་ཐབས་སྤྱོད་པ། འཆལ་གཏམ་ལ་མི་ཉན་པར་རང་སྟེང་གི་འགོག་སྲུང་ལ་ཤུགས་སྣོན་དགོས་པའི་འབོད་སྐུལ་བཏང་། 

ཝུའུ་ཅེ་ཡིས་ཞིང་ཆེན་ཡོངས་ཀྱི་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་འགོག་བཅོས་ཚོད་འཛིན་བྱ་བའི་གནས་ཚུལ་སྙན་ཞུ་བྱས། ཁོ་མོས་བཤད་རྒྱུར། ཉིས་སྟོང་ཉི་ཤུ་ལོའི་ཟླ་དང་པོའི་ཚེས་ཉེར་བདུན་ཉིན་གྱི་ཕྱི་དྲོའི་དུས་ཚོད་དྲུག་བར། ཞིང་ཆེན་ཡོངས་ཀྱི་ཚ་བརྟག་ཚན་ཁག་གིས་བསྡོམས་པས་ནད་པ་སྟོང་གཅིག་དང་ཉེར་དྲུག་དང་ལེན་བྱས་པ་དང་། མི་གོ་དགུ་སྨན་ཁང་དུ་བསྡད་ནས་བརྟག་དཔྱད་བྱས། ཞིང་ཆེན་དང་གྲོང་ཁྱེར་གྱི་རིམས་ནད་ཚོད་འཛིན་ལྟེ་གནས་ཀྱི་དྲ་རྒྱའི་ཚོད་ལྟ་ཁང་གིས་བསྡོམས་པས་མི་བརྒྱད་ཅུར་བརྟག་དཔྱད་བྱས་པ་དང་། དེ་ལས་ནད་པ་དྲུག་ལ་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་བྱུང་ཡོད་པ་ཐག་བཅད། ནད་པར་འབྲེལ་འདྲིས་ཟབ་པའི་མི་བཞི་བཅུར་རྟོག་ཞིབ་བྱས་ཏེ་དོགས་ཡོད་ནད་པ་གཅིག་ཀྱང་མེད། ཐག་བཅད་པའི་ནད་པ་ཚང་མ་ཝུའུ་ཧན་ནས་ཕྱིར་མཚོ་སྔོན་དུ་ལོག་པའི་མི་སྣ་ཡིན་པ་དང་། རང་ཞིང་དུ་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཡང་བསྐྱར་འགོས་པའི་ནད་པ་གཅིག་ཀྱང་མེད། དོགས་ཡོད་ནད་པར་བརྟག་བཅོས་བརྡར་གཅོད་བྱས་པར་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གི་གཏན་འཁེལ་ལས་རིམ་གཞིར་བཟུང་ནས་ཚན་རིག་དང་མཐུན་པའི་ནད་བརྟག་བྱས་པ་ཡིན། མིག་སྔར་ཞིང་ཆེན་ཡོངས་སུ་བསྡོམས་པས་མཚོ་སྔོན་དུ་ཡོང་བའི་མི་སྟོང་བདུན་དང་སུམ་བརྒྱ་ང་བརྒྱད་རྩད་ཆོད་པ་དང་། དེའི་ནང་ཟི་ལིང་གྲོང་ཁྱེར་དུ་མི་སྟོང་ལྔ་དང་སུམ་བརྒྱ་ཉེར་ལྔ་ཡོད་པ་དང་། མཚོ་ཤར་གྲོང་ཁྱེར་དུ་མི་དགུ་བརྒྱ་དང་གཉིས། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་དུ་མི་བཞི་བརྒྱ་དང་ང་གཅིག མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་དུ་མི་བརྒྱ་དང་ཉེར་དགུ། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་དུ་མི་སུམ་བརྒྱ་དང་ཞེ་བཞི། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་དུ་མི་བརྒྱ་དང་ཞེ་གཅིག མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དུ་མི་ང་བརྒྱད། ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་དུ་མི་བརྒྱད་བཅས་ཡོད། གློ་ཚད་བྱུང་ཡོད་པའི་ནད་པ་དྲུག་དང་ནད་པར་འབྲེལ་འདྲིས་ཟབ་པའི་མི་བཞི་བཅུ་ཡིས་གཏན་འཁེལ་སྨན་བཅོས་ལས་ཁུངས་སུ་གསོ་རིག་བརྟག་དཔྱད་དང་ལེན་བྱེད་བཞིན་ཡོད་པ་དང་། མི་ཚང་མའི་གནས་ཚུལ་གཏན་འཇགས་རེད་ཟེར། 

ཝུའུ་ཅེ་ཡིས་ད་རུང་འཕྲོད་བསྟེན་བདེ་ཐང་ཁོངས་གཏོགས་ཀྱིས་སྤྱད་པའི་རིམས་ནད་འགོག་བཅོས་ཚོད་འཛིན་བྱེད་ཐབས་དང་རྗེས་ཕྱོགས་ཀྱི་བྱ་བའི་བྱེད་ཐབས་ཐད་ནས་མཚམས་སྦྱོར་ཞིབ་མོ་བྱས། 

ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་ཡི་རྒྱུན་ལས་པུའུ་ཀྲང་གཞོན་པ་ཝང་ཀྲི་མེན་གྱིས་སྒྲོག་སྤེལ་ཚོགས་འདུར་མགོ་འཛིན་བྱས། 




ལོ་ཙཱ་བ། བསོད་ནམས་ཚེ་རིང་།