མཚོ་སྔོན་དུ་ཡོང་མཁན་དང་ཕྱིར་མཚོ་སྔོན་དུ་ལོག་མཁན་རྣམ་པ། ཁྱོད་ཚོ་བདེ་ལེགས།
ཏོག་དབྱིབས་ནད་དུག་གསར་པ་ལས་འགོས་པའི་གློ་ཚད་བྱུང་རྗེས། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཚད་མཐོའི་མཐོང་ཆེན་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་། ཙུང་ལི་ལིས་ཁི་ཆང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན། ད་དུང་ཙུང་ལིས་ལོ་སར་གྱི་སྔོན་ལ་མཚོ་སྔོན་དུ་གཟིགས་ཞིབ་མཛད་སྐབས་བཏོན་པའི་བླང་བྱ་གལ་ཆེན་བཅས་ལག་བསྟར་མཐའ་འཁྱོལ་བྱས་ནས། འདུ་ཤེས་བཞི་སྔར་ལས་ཇེ་དྲག་ཏུ་བཏང་བ་དང་། རང་རྟོན་བཞི་སྔར་ལས་ཇེ་བརྟན་དུ་བཏང་ལ། སྲུང་སྐྱོབ་གཉིས་དོན་འཁྱོལ་བྱས་པ་དང་། ཁོངས་གཏོགས་ས་ཆའི་དོ་དམ་འགན་ཁུར་དོན་འཁྱོལ་ནན་མོ་བྱས་ཏེ། རིམས་ནད་འགོག་བཅོས་ཚོད་འཛིན་ཐག་གཅོད་བྱ་བ་དེ་ཁྲིམས་ལྟར་ནུས་པ་དང་གོ་རིམ། ཕན་འབྲས་ལྡན་པར་སྤེལ། ཟླ་དང་པོའི་ཚེས་ཉེར་ལྔ་ཉིན། རང་ཞིང་གིས་ཐོལ་བྱུང་སྤྱི་ཐུན་འཕྲོད་བསྟེན་དོན་རྐྱེན་གྱི་རིམ་པ་དང་པོའི་ཁ་གཏད་འཇལ་ཐབས་ལག་བསྟར་བྱེད་འགོ་བརྩམས་ནས། ཕྱོགས་སོ་སོའི་སྟོབས་ཤུགས་རྩ་འཛུགས་ཀྱིས་འགོག་བཅོས་ཚོད་འཛིན་བྱས་པ་དང་། བྱེད་ཐབས་སྣ་མང་མཉམ་སྤྱོད་ཀྱིས་ནད་དུག་གི་འགོས་ལམ་བཅད་ཅིང་། རིམས་ནད་མཆེད་པར་མཐའ་གཅིག་ཏུ་བཀག་འགོག་བྱས་ཏེ། མི་དམངས་མང་ཚོགས་ཀྱི་ལུས་ཕུང་བདེ་ཐང་དང་ཚེ་སྲོག་བདེ་འཇགས་ལ་སྟོབས་ཤུགས་ཡོད་རྒུས་འགན་སྲུང་བྱས་ཡོད།
མིག་སྔར། རང་ཞིང་དུ་ནད་ངོས་བཟུང་བའི་ནད་པ་བྱུང་ཡོད་ལ། རིམས་ནད་མཆེད་པར་བཀག་འགོག་ཚོད་འཛིན་བྱེད་པའི་བྱ་བ་དེ་ཁྱེད་དང་ཁྱེད་ཀྱི་ཁྱིམ་མི། སྤྱི་ཚོགས་ཡོངས་བཅས་ཀྱི་བདེ་ཐང་དང་དམ་དུ་འབྲེལ་ཡོད། དེང་གི་རིམས་ནད་ཀྱི་གནས་ཚུལ་གཞིར་བཟུང་ནས། ང་ཚོས་ཉེ་ལམ་མཚོ་སྔོན་དུ་ཡོང་བ་དང་ཕྱིར་མཚོ་སྔོན་དུ་ལོག་པའི་མི་རྣམས་ཀྱིས་ང་ཚོ་དང་མཉམ་དུ་རིམས་ནད་འགོག་བཅོས་ཚོད་འཛིན་གྱི་བྱ་བ་བཟང་པོར་བསྒྲུབ་རྒྱུའི་རེ་བ་སྙིང་ནས་ཞུས་པ་ལགས། ཁྱེད་རྣམ་པས་རང་འགུལ་ངང་རང་འདུག་སའི་སྡོད་ཁུལ་དང་སྡེ་དམངས་ཨུ་ཡོན་ལྷན་ཁང་གི་འགོག་བཅོས་ཚོད་འཛིན་མི་སྣའམ་ཡང་ན་ས་དེའི་རིམས་འགོག་སྡེ་ཁག་ལ་གཞོགས་འདེགས་ལེགས་པོ་བྱས་ཏེ་ཐོ་འགོད་བྱེད་པ་དང་གནས་ཚུལ་དྲང་མོར་བཤད་པ་སོགས་ཀྱི་འབྲེལ་ཡོད་བྱ་བ་བཟང་པོར་བསྒྲུབ་རྒྱུ་དང་། ཁྱེད་རྣམ་པས་ཁྱིམ་ནས་ལོགས་སུ་བཀར་བའི་སེམས་ཁམས་ཀྱི་གནོན་ཤུགས་སེལ་བ་དང་། ཁྱིམ་ནས་ལོགས་སུ་འགར་བའི་སྨན་བཅོས་ལྟ་ཞིབ་ཀྱི་བརྒྱུད་རིམ་ནན་མོ་ལྟར་བྱ་བ་སྣ་ཚོགས་བཟང་པོར་བསྒྲུབ་པར་གཞོགས་འདེགས་བྱ་རྒྱུ། གལ་ཏེ་ལུས་ཕུང་མི་བདེ་ཚེ་དུས་ལྟར་ནད་བརྟག་ཚད་ལྡན་བྱ་རྒྱུ། རང་ཉིད་དང་རང་གི་ཁྱིམ་མིའི་ལུས་ཕུང་བདེ་ཐང་ལ་སྲུང་སྐྱོབ་བཟང་པོ་བྱ་རྒྱུ། དཀའ་ངལ་ཅི་ཞིག་ཡོད་ན་དུས་ལྟར་རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་ལ་ཞུ་རྒྱུ་བཅས་ནི་ང་ཚོའི་རེ་བ་ཡིན། ང་ཚོས་ཁྱེད་རྣམ་པའི་ཉིན་རྒྱུན་གྱི་འཚོ་བར་འགན་སྲུང་ལེགས་པོ་བྱེད་ངེས་ཡིན་ལ། ང་ཚོ་རྡོག་རྩ་གཅིག་སྒྲིལ་སྒོས་རིམས་ནད་འགོག་བཅོས་ཚོད་འཛིན་གྱི་འཐབ་མོ་ལས་རྣམ་པར་རྒྱལ་དགོས།
ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འགོ་ཁྲིད་བརྟན་པོའི་འོག་ཏུ། ང་ཚོས་སེམས་ཤུགས་གཅིག་མཐུན་དང་སྟོབས་ཤུགས་གཅིག་སྒྲིལ། ཡིད་ཆེས་ཆེར་བསྐྱེད། སྐྱིད་སྡུག་མཉམ་མྱོང་། གཅིག་བློ་གཅིག་གཏོད། མཉམ་འགོག་མཉམ་འཛིན་བཅས་བྱས་ན། རིམས་ནད་འགོག་བཅོས་ཚོད་འཛིན་གྱི་འཐབ་མོ་འདི་ལས་རྣམ་པར་རྒྱལ་ཐུབ་པ་ཤ་སྟག་ཡིན།
མཐར་ཁྱོད་ཚོའི་སྐུ་གཟུགས་གསལ་ཐང་དང་བྱ་བ་ལམ་འགྲོ། འདོད་དོན་ཀུན་འགྲུབ་འབྱུང་བའི་སྨོན་འདུན་ཞུ།
མཚོ་སྔོན་ཞིང་ཆེན་ཏོག་དབྱིབས་ནད་དུག་གསར་པ་ལས་འགོས་པའི་གློ་ཚད་
འགོག་བཅོས་ཚོད་འཛིན་ཐག་གཅོད་བྱ་བའི་བཀོད་འདོམས་ཁང་གིས།
ཉིས་སྟོང་ཉི་ཤུ་ལོའི་ཟླ་དང་པོའི་ཚེས་སོ་གཅིག་ཉིན།