མཚོ་སྔོན་ཞིང་ཆེན་རིམས་ནད་སྔོན་འགོག་ཚོད་འཛིན་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ཡིས་གྲོས་ཚོགས་ཐེངས་ལྔ་བ་བསྡུས།
2020.02.04 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 185

ཟླ་གཉིས་པའི་ཚེས་གསུམ་ཉིན། མཚོ་སྔོན་ཞིང་ཆེན་རིམས་ནད་སྔོན་འགོག་ཚོད་འཛིན་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ཡིས་བརྙན་རིས་ཀྱི་ལམ་ནས་གྲོས་ཚོགས་ཐེངས་ལྔ་བ་བསྡུས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་རིམས་ནད་སྔོན་འགོག་ཚོད་འཛིན་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ཡི་བཀོད་འདོམས་དཔོན་པོ་ཝང་ཅན་ཅུན་གྱིས་གྲོས་ཚོགས་ལ་འགོ་འཛིན་བྱས་ནས་གཏམ་བཤད་པ་དང་། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་། ཞིང་ཆེན་རིམས་ནད་སྔོན་འགོག་ཚོད་འཛིན་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ཡི་བཀོད་འདོམས་དཔོན་པོ་ལིག་ཉིང་གིས་གཏམ་བཤད། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲུང་ཡིག་ཆེན་མོ་ཡུས་ཚུང་ལི་དང་། ཧྲིན་ཀྲང་གཞོན་པ། ཞིང་ཆེན་རིམས་ནད་སྔོན་འགོག་ཚོད་འཛིན་དང་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ཡི་བཀོད་འདོམས་དཔོན་པོ་གཞོན་པ་ཁོང་ཡུང་ཚོགས་ར་གཙོ་བོར་ཞུགས།

གྲོས་ཚོགས་ལས་མིག་སྔའི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ལ་སྔར་ལས་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་ཀྲུང་དབྱང་འགོ་ཁྲིད་ཚན་ཆུང་གི་བརྡ་ཐོ་དང་། ཀྲུང་དབྱང་གིས་ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་ལས་དོན་འགོ་ཁྲིད་ཚན་ཆུང་གི་ཚོགས་འདུའི་དགོངས་དོན། རྒྱལ་སྲིད་སྤྱི་ཁྱབ་ཁང་རིམས་ནད་མཉམ་འབྲེལ་སྔོན་འགོག་ཚོད་འཛིན་ལས་དོན་ལམ་སྲོལ་གཞུང་དོན་ཁང་གི་བརྡ་ཐོའི་དགོངས་དོན་བཅས་བརྒྱུད་བསྒྲགས་བྱས་པར་མ་ཟད། ཟི་ལིང་གྲོང་ཁྱེར་དང་ཞིང་ཆེན་ཡོངས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་དང་ཐག་གཅོད་ལས་དོན་གྱི་སྙན་ཞུ་གསར་ཤོས་ལ་ཉན།

ཝང་ཅན་ཅུན་གྱིས་བསྟན་དོན། མིག་སྔར་མཚོ་སྔོན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་སྤྱིའི་ཆ་ནས་བརྟན་པོ་དང་ཚོད་འཛིན་ཐུབ་ཡོད་ནའང་། རྒྱུ་རྐྱེན་མང་པོའི་ཤུགས་རྐྱེན་ཐེབས་ནས་སྔོན་འགོག་ཚོད་འཛིན་བྱ་རྒྱུ་དེ་འགག་རྩའི་དུས་སྐབས་སུ་སླེབས་ཡོད། བསམ་བློ་སྔར་ལས་གཅིག་གྱུར་དང་ཡིད་ཆེས་བརྟན་པོ། བྱ་ཐབས་ལ་ཤུགས་སྣོན་བཅས་བྱས་ནས་གནས་བབ་ལ་ཞིབ་འཇུག་བརྡར་གཅོད་དང་། བྱ་ཐབས་ལེགས་སྒྲིག ཐབས་ཇུས་འཐུས་སྒོ་ཇེ་ཚང་དུ་གཏོང་བ་བཅས་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བཏོན་པའི་ཐབས་ཇུས་བཀོད་སྒྲིག་རབ་དང་རིམ་པ་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ་དང་རིམས་ནད་མཆེད་ཚུལ་བཀག་འགོག་མཐའ་གཅིག་ཏུ་བྱས་ནས། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་དགོས་ཟེར།

ཝང་ཅན་ཅུན་གྱིས་ནན་གྱིས་བསྟན་དོན། ས་གནས་དང་སྡེ་ཁག་སོ་སོའི་བསམ་བློའི་ཐད་སླར་ཡང་མཐོང་ཆེན་བྱེད་དགོས། གནས་བབ་ཇི་ཙམ་ཛ་དྲག་ཡིན་ན་འགྲན་སློང་དེ་ཙམ་གྱིས་དཀའ་ཚེགས་ཆེ་བ་དང་། བསམ་བློའི་ངར་ཤུགས་སྔར་ལས་ཇེ་དམ་དུ་གཏོང་དགོས། རིམས་ནད་ཀྱི་མདུན་དུ་དོན་མེད་ཧོན་ཐོར་དང་བག་མེད་ལྷོད་གཡེང་བྱེད་མི་རུང་། མཚམས་ཚིགས་གཞིར་བཟུང་སྔོན་འགོག་ཚོད་འཛིན་ལ་དམ་འཛིན་དང་། ཞིབ་ཕྲ་རིགས་དབྱེ་དང་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས་སྔོན་འགོག་ཚོད་འཛིན་ལས་དོན་གཏིང་ཟབ་དང་ཏན་ཏིག་ལ་སྐུལ་འདེད་ནུས་ལྡན་གཏོང་དགོས། ངོས་འཛིན་སྔར་ལས་ཇེ་མཐོར་གཏོང་དགོས། མཚོ་སྔོན་གྱི་བདེ་འཇགས་སྲུང་སྐྱོབ་དང་མི་དམངས་ཀྱི་བདེ་ཐང་སྲུང་སྐྱོབ་བྱ་རྒྱུ་ནི་མིག་སྔའི་ལས་འགན་ཨང་དང་པོ་ཡིན། ཆབ་སྲིད་ལ་མཐོང་ཆེན་བྱེད་པར་ཅིས་ཀྱང་ངོས་འཛིན་ལ་མཐོང་ཆེན་བྱས་ནས། ངོས་འཛིན་གྱི་མཐོ་ཚད་ཐོག་ནས་སྔོན་འགོག་ཚོད་འཛིན་བྱེད་ཤུགས་གཏན་འཁེལ་བྱེད་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། དེ་བཞིན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་བཅས་ཀྱི་བླང་བྱའི་ཐོག་ངོས་འཛིན་གཅིག་གྱུར་ཡོང་བ་བྱས་ཏེ། ངོས་འཛིན་མཐོར་འདེགས་ལ་བརྟེན་ནས་རིམས་ནད་ལས་རྣམ་པར་རྒྱལ་བའི་ཆབ་སྲིད་ཀྱི་འགན་འཁྲིའི་སེམས་པ་ཆེ་རུ་གཏོང་དགོས། གྲལ་བཤེར་ཐད་སླར་ཡང་ཤུགས་སྣོན་རྒྱག་དགོས། ཕྱི་འགོག་ནང་འདྲེན་དང་ནང་ཁྱབ་སྔོན་འགོག་བྱས་ཏེ་འཁོར་རྒྱུག་ལ་དོ་དམ་ཚོད་འཛིན་དང་གྲལ་བཤེར་གཏིང་ཟབ་བྱ་རྒྱུ་ནི་བྱེད་ཐབས་གལ་ཆེ་ཤོས་ཤིག་ཡིན། རེས་སྐོར་དང་པོའི་གྲལ་བཤེར་གྱི་རྨང་གཞིའི་ཐོག་རིམས་ནད་འགྱུར་ལྡོག་གི་གནས་ཚུལ་ལ་གཞིགས་ཏེ་དྲ་སྦྲེལ་རྣམ་པའི་རེས་སྐོར་གཉིས་པའི་གྲལ་བཤེར་ཆེ་མོ་གནད་སྨིན་དང་ཞིབ་ཚགས། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་སྤེལ་ཏེ་བྱ་ཐབས་དང་བྱེད་ཐབས་ལ་དོ་སྣང་བྱེད་དགོས་ལ་དོ་དམ་ནན་པོ་བྱ་རྒྱུར་དེ་བས་ཤུགས་སྣོན་བརྒྱབ་ནས་འགོག་སྲུང་ནན་པོ་དང་། ཁྱིམ་ཚང་གཅིག་ཀྱང་མི་ལུས་པ། མི་གཅིག་ཀྱང་མི་ལུས་པ་བཅས་བྱས་ཏེ་ཉེན་ཁ་ཆུང་དུ་གཏོང་དགོས། སྔོན་འགོག་དང་ཚོད་འཛིན་ཐད་སྔར་ལས་དམ་ནན་བྱེད་དགོས། རིམས་ནད་ཀྱི་མདུན་དུ་རང་ཉིད་ཀྱི་བདེ་འཇགས་དང་ཁྱིམ་མིའི་བདེ་འཇགས། ཁྱིམ་མཚེས་ཀྱི་བདེ་འཇགས། སྤྱི་ཚོགས་བདེ་འཇགས་བཅས་ཀྱི་ཆེད་དུ་མི་ཚང་མ་རང་རྟོགས་ངང་དམིགས་བསལ་གྱི་དམག་འཐབ་དེའི་ནང་ཞུགས་དགོས། ས་སྲུང་གི་འགན་འཁྲི་ཡོད་པ་དང་ས་སྲུང་ཐབས་ཤེས་ཡོད་པ། ཁྱུ་ཚོགས་དང་ཁྱུ་ཚོགས་ཀྱི་མཉམ་འགོག་ཚོད་འཛིན་གྱི་དྲ་རྒྱ་ཞིབ་ཅིང་ཕྲ་བ་བཟོ་བ་བཅས་བྱས་ཏེ། སྔ་ཙམ་ཤེས་རྟོགས་དང་སྔ་ཙམ་ལོགས་སུ་ཕྱེ་ནས་སྔོན་འགོག་ཚོད་འཛིན་ལ་དུས་ཚོད་ཡོད་པ་དང་རིམས་ནད་བྱུང་ས་མེད་པར་བྱེད་དགོས། དྲིལ་བསྒྲགས་བྱེད་སྐབས་སླར་ཡང་ཐབས་ཤེས་འདོན་དགོས། རིམས་ནད་ཉིན་གཅིག་ལ་གནས་ན་མང་ཚོགས་ཉིན་གཅིག་ལ་བདེ་འཇགས་མི་ཡོང་། མང་ཚོགས་ཀྱིས་ལྟ་འདོད་ཅིང་ཉན་སྤྲོ་བའི་བྱེད་སྟངས་སྤྱད་དེ་ཏང་དང་སྲིད་གཞུང་གི་སྐད་སྒྲ་ཁྱིམ་ཚང་ཁྲི་སྟོང་མང་པོའི་ནང་ཁྱབ་ཐུབ་པར་བྱས་ནས། སྔོན་འགོག་ཚོད་འཛིན་གྱི་ཤེས་བྱ་དང་རྒྱུན་ཤེས་མང་ཚོགས་ཀྱི་སེམས་སུ་ཟུག་པར་བྱེད་པ་དང་། མང་ཚོགས་ཀྱི་ཤེས་རྟོགས་དང་གོ་རྟོགས་མཐོ་རུ་གཏོང་བ། མང་ཚོགས་ཀྱི་སྣེ་ཁྲིད་དེ་དྲང་ནུས་འཕེལ་བ་དང་ལྡོག་ནུས་མེད་པར་བཟོ་བ། དོགས་ཟོན་གྱི་རང་རྟོགས་དང་རྒྱལ་ཁ་ལེན་པའི་ངེས་ཤུགས་རྒྱུན་འཁྱོངས་བཅས་བྱེད་དགོས། འགན་སྲུང་ཐད་སླར་ཡང་དོན་འཁྱོལ་བྱེད་དགོས། ཞིང་ཆེན་ཡོངས་གོང་བུ་གཅིག་གྱུར་ཡིན་པའི་བསམ་བློ་བརྟན་པོ་བཙུགས་ཏེ་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་སྒྲིག་ལྟར་མཁོ་སྤྲོད་འགན་ལེན་དང་མཉམ་འབྲེལ་འགན་ལེན་ལ་མཉམ་འགུལ་མཐའ་གཅིག་ཏུ་བྱེད་དགོས། སྨན་བཅོས་སྒྲིག་གཞིའི་འཐབ་ས་དང་པོའི་མི་སྣ་དང་། གཙོ་གནད་ས་ཁུལ། གཙོ་གནད་སྡེ་ཚན། གཙོ་གནད་མི་ཚོགས་བཅས་སྔོན་ལ་འགན་ལེན་བྱེད་པ་དང་། དུས་མཚུངས་སུ་བཀོད་སྒྲིག་ཞིབ་ཚགས་དང་ཕན་ཚུན་མཁོ་ངེས་ཀྱི་ཆ་བརྗེ་རེས་བྱེད་པ། དུས་ངལ་མཉམ་སེལ་བཅས་བྱས་ཏེ། མིག་སྔའི་སེམས་ཁྲལ་ལ་ཁ་གཏད་ཧུར་ཐག་གཅོག་པ་དང་རྒྱུན་གཏན་གྱི་དགོས་མཁོ་སྐོང་གང་ཐུབ་བྱེད་དགོས། སྒྲིག་ཁྲིམས་ཐད་སླར་ཡང་ཤུགས་སྣོན་རྒྱག་དགོས། རིམ་པ་བཞིན་ལས་ཀའི་འགན་འཁྲི་ནན་དུ་བཏང་ནས་ཕྱོགས་གཅིག་ནས་འཕྲལ་སྡོམ་སྔོན་འགོག་ཚོད་འཛིན་ལ་དམ་འཛིན་དང་ཕྱོགས་གཞན་ཞིག་ནས་རྒྱུན་གཏན་གྱི་ལས་དོན་དམ་འཛིན་བྱས་ཏེ་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་སྔོན་འགོག་བྱས་ཏེ། ཐབས་བརྒྱ་ཇུས་སྟོང་ངང་རིམས་ནད་ཀྱིས་བཟོས་པའི་གྱོང་གུད་གསབ་ནས། མཚོ་སྔོན་ཞིང་ཆེན་གྱིས་གཏན་འཁེལ་བྱས་པའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་ལས་འགན་དོན་འཁྱོལ་ཡག་པོ་བྱེད་དགོས། རིམས་ནད་ཀྱི་མདུན་དུ་རྒྱལ་གཅེས་རིང་ལུགས་ཀྱི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་བཏང་ནས་རྒྱལ་གཅེས་ཀྱི་སྤྲོ་སེམས་དེ་འགན་འཁྲི་འཁུར་བ་དང་རང་འགན་གཙང་སྒྲུབ་ཀྱི་ཞིབ་ཕྲའི་བྱ་སྤྱོད་ཅིག་ཏུ་འགྱུར་བར་བྱེད་དགོས་ཟེར།

ལིག་ཉིང་གིས་ནན་གྱིས་བསྟན་དོན། རིམས་ནད་ཐོན་པ་ནས་བཟུང་། ཞིང་ཆེན་ཡོངས་ཀྱི་གོང་འོག་བར་གསུམ་ཚང་མས་མགྱོགས་མྱུར་ངང་དེ་བསྟུན་གྱི་ལས་དོན་སྤེལ་བ་དང་བཀོད་སྒྲིག་ཞིབ་ཚགས་བྱས་པ་ལས་གཞན། འགག་སྒོ་སྔ་སྣུར་དང་མཉམ་འགོག་མཉམ་བཅོས་བྱས་པ། འགན་འཁྲི་དོན་འཁྱོལ་དང་མཉམ་འགོག་ཚོད་འཛིན་བྱས་པ། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ཁག་ཁྲིམས་ལྟར་ནུས་ལྡན་དང་གོ་རིམ་ལྡན་པ། ནུས་ལྡན་བཅས་ཀྱི་སྒོ་ནས་སྤེལ་ཡོད། མིག་སྔར་ཞིང་ཆེན་ཡོངས་ཀྱི་རིམས་ནད་གནས་བབ་སྔར་བཞིན་ཛ་དྲག་ཆེ་ལ་རྙོག་འཛིང་ཆེ་བ་དང་། ནང་འདྲེན་སྔོན་འགོག་དང་ཁྱབ་འགྱེད་སྔོན་འགོག་གི་ལས་དོན་སྔར་བཞིན་དཀའ་ཚེགས་ཆེ་བའི་གནས་སུ་སླེབས་ཡོད། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བྱེད་ཐབས་ལ་ཤུགས་སྣོན་བརྒྱབ་ནས་རིམས་ནད་ནི་བཀའ་རྒྱ་ཡིན་པ་དང་སྔོན་འགོག་ཚོད་འཛིན་ནི་འགན་འཁྲི་ཡིན་པ་མཐའ་འཁྱོངས་ཀྱིས་གྲལ་བཤེར་དང་སྔོན་འགོག་ཚོད་འཛིན་ལ་སྔར་ལས་ཤུགས་སྣོན་རྒྱག་པ་དང་། ནུས་ཤུགས་ཡོད་རྒུས་ཚན་རིག་དང་མཐུན་པའི་སྒོ་ནས་སྨན་བཅོས་བྱེད་པ། དངོས་ཟོག་མཁོ་སྤྲོད་འགན་ལེན་ཏན་ཏིག་བྱེད་པ། ནུས་ཤུགས་ཡོད་རྒུས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ཁག་ཡག་པོ་སྒྲུབ་པ་བཅས་བྱེད་དགོས། སྔོན་འགོག་ཚོད་འཛིན་གྱི་ལས་དོན་ཡག་པོ་སྒྲུབ་པའི་སྔོན་འགྲོའི་ཆ་རྐྱེན་འོག་ཏུ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་འཆར་འགོད་དང་སྐུལ་འདེད་ཡག་པོ་གཏོང་བ་དང་། དུས་ཆེན་རྗེས་ཀྱི་སློབ་འགོ་རྩོམ་པ་དང་ལས་འགོ་རྩོམ་པ་སོགས་ཀྱི་ལས་དོན་ཚང་མ་གོ་རིམ་ལྡན་པའི་ངང་སྤེལ་བ། རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་འཕེལ་རྒྱས་ཀྱི་འབྲེལ་བ་ཐག་གཅོད་ཡང་དག་བྱེད་པ། བརྟན་པོའི་ངང་འཕར་སྣོན་འབྱུང་བར་བྱེད་པ་དང་སྒྱུར་བཅོས་ལ་སྐུལ་འདེད། གྲུབ་ཆ་ལེགས་སྒྲིག དམངས་འཚོར་ཕན་པ། ཉེན་ཁ་འགོག་པ། བརྟན་འཇགས་ལ་འགན་ལེན་བཅས་བྱ་རྒྱུར་སྤྱི་འདོམས་སྐུལ་འདེད་གཏོང་བ། རིམས་ནད་ལས་བྱུང་བའི་ལྡོག་ཕྱོགས་ཀྱི་ཤུགས་རྐྱེན་ཚད་གཞི་དམའ་ཤོས་སུ་ཧུར་ཐག་གཏོང་བ་བཅས་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་འགན་ལེན་བྱེད་དགོས། རིམ་པ་བཞིན་སྔོན་འགོག་ཚོད་འཛིན་གྱི་འགན་འཁྲི་ནན་དུ་བཏང་ནས། ཏང་དང་མི་དམངས་ལ་ཚད་མཐོའི་འགན་འཁུར་བའི་སྙིང་སྟོབས་ལ་བརྟེན་ནས་ཡིད་ཆེས་བརྟན་པོ་དང་ཕྱར་བ་གྲུ་འདེགས་ཀྱིས་ཚན་རིག་དང་མཐུན་པའི་སྒོ་ནས་འགོག་བཅོས་དང་གནད་སྨིན་ཇུས་འདོན་བྱས་ཏེ། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་མཁྲེགས་གཏོར་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་དགོས་ཟེར།

ཁོང་ཡུང་གིས་ཞིང་ཆེན་ཡོངས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་གནས་ཚུལ་དང་གོམ་སྟབས་རྗེས་མའི་གཙོ་གནད་ལས་དོན་ལ་བརྡ་ཐོ་བཏང་། ཁོས་བསྟན་དོན། མིག་སྔར་དང་མ་འོངས་པའི་དུས་སྐབས་ཤིག་རིང་ནི་མཚོ་སྔོན་ཞིང་ཆེན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་གལ་འགངས་ཤིན་ཏུ་ཆེ་བ་དང་སྤྱི་ཡོངས་ཐག་གཅོད་བྱེད་པའི་འགག་རྩའི་དུས་མཚམས་ཤིག་ཡིན་པས། གཙོ་གནད་ཐོག་མི་སྣ་འགྲོ་སྐྱོད་དོ་དམ་ཚོད་འཛིན་ལ་སྔར་བས་ཤུགས་སྣོན་རྒྱག་པ་དང་། ས་གནས་ཁག་གི་ཁེ་ལས་དང་སློབ་འགོ་རྩོམ་པའི་ལས་དོན་སྒྲིག་འཛུགས་ཡག་པོ་བྱེད་པ། ཁྱིམ་སྡོད་དང་གཅིག་སྡུད་ལོགས་དབྱེའི་བྱེད་ཐབས་དོན་འཁྱོལ་ནན་ཏན་བྱེད་པ། དངོས་ཟོག་མཁོ་སྤྲོད་འགན་ལེན་དང་རིན་གོང་བརྟན་པོ་ཡོང་བའི་ལས་དོན་ཏན་ཏིག་སྒྲུབ་པ། ནུས་ཤུགས་ཡོད་རྒུས་སྨན་བཅོས་སྐྱོབ་བཅོས་དང་སྔོན་འགོག་ཚོད་འཛིན་གྱི་ཆ་འཕྲིན་ཡོངས་བསྒྲགས་ཡག་པོ་བྱེད་པ། ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་དོན་ལ་སྔར་ལས་སྤྱི་འདོམས་དང་ཡག་པོ་སྒྲུབ་པ་བཅས་བྱེད་དགོས་ཟེར།

གྲོང་ཁྱེར་དང་ཁུལ་སོ་སོ་དང་ཞིང་ཆེན་བཀོད་འདོམས་པུའུ་ཡི་ཁོངས་མིས་གྲུབ་པའི་ལས་ཁུངས་བཅས་ནས་ཡན་ལག་ཚོགས་ར་བཙུགས།