མཚོ་སྔོན་གྱིས་ཞིང་ཆེན་ཡོངས་ཀྱི་སྤྱི་བདེ་ཅུའུ་ཀྲང་གི་གྲོས་ཚོགས་བསྡུས།
2020.02.05 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 21

ཟླ་དང་པོའི་ཚེས་ཉེར་གཉིས་ཉིན། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་སྤྱི་བདེ་ཅུའུ་ཀྲང་གི་གྲོས་ཚོགས་ཟི་ལིང་ནས་བསྡུས། གྲོས་ཚོགས་ལས་ཉིས་སྟོང་བཅུ་དགུ་ལོའི་ཞིང་ཆེན་ཡོངས་ཀྱི་སྤྱི་བདེ་བྱ་བར་བླངས་པའི་གྲུབ་འབྲས་གཙོ་བོ་དང་ཐོབ་པའི་ཉམས་མྱོང་ལ་ཕྱིར་དྲན་དང་སྤྱི་སྡོམ་བྱས་པ་དང་། མིག་སྔར་འཕྲད་པའི་ཉེན་ཁ་དང་འགྲན་སློང་ལ་དབྱེ་ཞིབ་གཏིང་ཟབ་བྱས་པར་མ་ཟད། ཉེན་ཁ་ཆེན་པོ་སྔོན་འགོག་དང་སེལ་དགོས་པའི་གཙོ་གནད་ལས་འགན་བཞི་དང་། སྤྱི་བདེ་བྱ་བའི་དེང་རབས་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་བའི་གཙོ་གནད་ལས་དོན་བཞི། སྤྱི་བདེའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་བྱེད་ཐབས་བཞི་བཅས་གསལ་བོར་བཏོན། ཚོགས་འདུ་མ་བསྡུས་པའི་སྔོན་ལ་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཅན་ཅུན་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལིག་ཉིང་། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། སྲིད་ཁྲིམས་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་དབྱིན་པེ་བཅས་ཀྱིས་སྤྱི་བདེའི་ལས་དོན་དང་དཔུང་ཁག་འཛུགས་སྐྱོང་ཐད་ནས་སོ་སོར་བླང་བྱ་བཏོན།  ཧྲིན་ཀྲང་གཞོན་པ། སྤྱི་བདེ་ཐིན་གྱི་ཐིན་ཀྲང་ཝང་ཀྲིན་ཧྲིན་ཚོགས་འདུར་ཞུགས་ནས་གཏམ་བཤད།

ཝང་ཅན་ཅུན་གྱིས་ཉིས་སྟོང་བཅུ་དགུ་ལོར་ཞིང་ཆེན་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་རྒྱལ་ཡོངས་ཀྱི་སྤྱི་བདེ་བྱ་བའི་གྲོས་ཚོགས་ཀྱི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ། དུས་རབས་གསར་པའི་རང་འཁྲིའི་ལས་འགན་དང་འགན་འཁྲི་ལྷག་བསམ་རྣམ་དག་ངང་བསྒྲུབས་ཏེ། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་འཁོར་བདུན་ཅུ་ལོན་པ་དང་མཚོ་སྔོན་བཅིངས་འགྲོལ་བཏང་ནས་ལོ་འཁོར་བདུན་ཅུ་ལོན་པར་བདེ་འཇགས་བརྟན་ལྷིང་གི་ཆབ་སྲིད་དང་སྤྱི་ཚོགས་ཀྱི་ཁོར་ཡུག་བཏོད་དེ། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་འདེགས་སྐྱོར་ནུས་ལྡན་བྱས་ཡོད། ད་ལོ་ནི་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པར་བྱེད་པའི་མཇུག་བསྡུའི་ལོ་ཞིག་དང་། ནག་འཇོམས་ངན་སེལ་གྱི་ཆེད་དོན་འཐབ་རྩོད་ལ་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པའི་ལོ་ཞིག་ཀྱང་ཡིན། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་སྤྱི་བདེ་ལས་ཁུངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ཁྲིད་སྟོན་དུ་འཛིན་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྲིད་ཁྲིམས་ལས་དོན་ཐད་གནང་བའི་མཛུབ་སྟོན་གལ་ཆེན་ལག་བསྟར་གཏིང་ཟབ་བྱེད་པ། ཀྲུང་དབྱང་སྲིད་ཁྲིམས་བྱ་བའི་ཚོགས་འདུ་དང་རྒྱལ་ཡོངས་སྤྱི་བདེའི་ཐིན་ཀྲང་དང་ཅུའུ་ཀྲང་གྲོས་ཚོགས་ཀྱི་དགོངས་དོན་དོན་འཁྱོལ་ནན་ཏན་བྱེད་པ། འབད་འབུངས་ཡར་བརྩོན་གྱི་སྤྱོད་ཚུལ་ཏན་ཏིག་དང་རྒྱལ་ཁ་ཐོབ་ངེས་གཏན་ཡིན་པའི་བློ་བརྟན་འགྱུར་མེད་ཀྱི་བློ་སྟོབས་མུ་མཐུད་དར་སྤེལ་གཏོང་བ་བཅས་བྱས་ནས། བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་གཏོང་བ་དང་། ཆུ་ཚད་དེ་བས་མཐོ་བའི་དུས་བདེ་ཞོད་འཇགས་ཀྱི་མཚོ་སྔོན་འཛུགས་སྐྲུན་བྱ་ཆེད་ལེགས་སྐྱེས་གསར་པ་འབུལ་དགོས་ཟེར།

ལིག་ཉིང་གིས་བསྟན་དོན། འདས་ཟིན་པའི་ལོ་གཅིག་རིང་ཞིང་ཆེན་ཡོངས་ཀྱི་སྤྱི་བདེ་འཐབ་ཕྱོགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ། ཞིང་ཆེན་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་ནན་ཏན་བྱེད་པ། ལྷག་བསམ་ཟོལ་མེད་ངང་འགན་འཁྲི་སྒྲུབ་པ་དང་འགན་འཁྲི་འཁུར་བ། བདེ་འཇགས་འགན་ལེན་དང་བརྟན་ལྷིང་སྲུང་སྐྱོང་། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་འགན་འཁྲི་དང་རང་འཁྲིའི་ལས་དོན་མཐའ་གཅིག་ཏུ་ཕྲག་སྟེང་དུ་འཁུར་བ། ཉེན་ཁ་སྔོན་འགོག་དང་ནག་ཚོགས་གཙང་སེལ། བྱེད་སྒོ་ཆེ་གྲས་ལ་འགན་ལེན་བྱེད་པ་སོགས་ཀྱི་ལས་འགན་གལ་ཆེན་ཕུན་སུམ་ཚོགས་པོའི་ངང་ཡོངས་འགྲུབ་བཅས་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་ཆབ་སྲིད་དང་སྤྱི་ཚོགས་ཀྱི་སྤྱི་ཡོངས་རྒྱུན་མཐུད་བརྟན་འཇགས་སྲུང་སྐྱོབ་ཐད་བྱས་རྗེས་མངོན་གསལ་དོད་པོ་ཕུལ་ཡོད། ལོ་གསར་པའི་ནང་ཞིང་ཆེན་ཡོངས་ཀྱི་སྤྱི་བདེ་འཐབ་ཕྱོགས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ལག་བསྟར་བྱས་ནས། འདུ་ཤེས་བཞི་དང་ཡིད་རྟོན་བཞི་སྔར་ལས་ཇེ་དྲག་ཏུ་གཏོང་བ་དང་། སྲུང་སྐྱོང་བྱེད་དགོས་པ་གཉིས་བཟང་བོར་བསྒྲུབ་པ། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ། ཞིང་ཆེན་སྲིད་གཞུང་གི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་པ། མི་དམངས་ལྟེ་བར་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་པ། སྤྱི་བདེའི་ལས་དོན་དེང་རབས་ཅན་དུ་འགྱུར་རྒྱུ་དམིགས་ཚད་དུ་འཛིན་པ་བཅས་ཀྱི་རེ་བ་ཡོད། བཅོས་སྒྱུར་གསར་གཏོད་སྒུལ་ཤུགས་སུ་བྱེད་པ་དང་། དུས་རབས་གསར་པའི་འགན་འཁྲི་དང་འགན་འཁྲི་ལྷག་བསམ་རྣམ་དག་གིས་འཁུར་བ། ཉེན་ཁ་ཆེན་པོ་མུ་མཐུད་འགོག་ཟོན་དང་སེལ་བ། ནུས་ཤུགས་ཡོད་རྒུས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གཞོགས་འདེགས་བྱེད་པ་དང་། སྤྱི་ཚོགས་འཆམ་མཐུན་བརྟན་ལྷིང་ལ་སྲུང་སྐྱོབ་བྱེད་པ།  མི་དམངས་ཀྱི་བདེ་སྡོད་ལས་བརྩོན་ལ་འགན་ལེན་བཅས་བྱས་ནས། སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ཀྱི་འཐབ་ཇུས་བཀོད་སྒྲིག་ལ་སྐུལ་འདེད་གཏོང་བ་དང་། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་ལས་དོན་ལ་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་ཆེད་ལེགས་སྐྱེས་གསར་པ་འབུལ་དགོས་ཟེར།

གྲོས་ཚོགས་ལས་ནན་གྱིས་བསྟན་དོན། རིམ་པ་སོ་སོའི་སྤྱི་བདེ་ལས་ཁུངས་ཀྱིས་རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་སྤྱི་བདེ་ལས་དོན་ཚོགས་འདུའི་དགོངས་དོན་དང་ཟུང་འབྲེལ་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་སྲིད་ཁྲིམས་བྱ་བའི་གྲོས་ཚོགས། རྒྱལ་ཡོངས་སྤྱི་བདེའི་ཐིན་ཀྲང་དང་ཅུའུ་ཀྲང་གྲོས་ཚོགས་དང་དེ་བཞིན་ཞིང་ཆེན་འགོ་ཁྲིད་ཀྱི་ལས་ཀའི་བླང་བྱ། ཆབ་སྲིད་བདེ་འཇགས་དང་སྤྱི་ཚོགས་བརྟན་འཇགས་བཅས་ལ་དམ་པོར་དམིགས་ནས། ལས་ཀའི་ཉམས་མྱོང་གཏིང་ཟབ་ཏུ་གཏོང་བ་དང་བརྟན་བརླིང་ཐོག་ཡར་འཕེལ་ཡོང་བར་བྱེད་དགོས། མདུན་དུ་གནས་པའི་ཉེན་ཁ་དང་འགྲན་སློང་ལ་ངོས་འཛིན་གསལ་པོ་བྱས་ཏེ། ཧུར་བརྩོན་དང་རང་འགུལ་ངང་དེར་འགོག་ཟོན་དང་ཁ་གཏད་འཇལ་བའི་གྲ་སྒྲིག་ལེགས་པོ་བྱེད་དགོས། སྲིད་དབང་གི་བདེ་འཇགས་དང་ལམ་ལུགས་ཀྱི་བདེ་འཇགས་ལ་སྲུང་སྐྱོབ་མཐའ་གཅིག་ཏུ་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས་འགན་སྒྲུབ་ནུས་པ་ཕྱོགས་ཡོངས་ནས་ཆེ་རུ་གཏོང་བ་དང་། ཉེན་ཁ་ཆེན་པོ་སྔོན་འགོག་དང་སེལ་བའི་མཁྲེགས་གཏོར་དམག་འཐབ་ལ་རྒྱལ་ཁ་ཐོབ་རྒྱུར་ཤུགས་རྒྱག་པ། ཞིང་ཆེན་ཡོངས་ཀྱི་འཆམ་མཐུན་བརྟན་འཇགས་ཀྱི་རྣམ་པ་མུ་མཐུད་སྲ་བརྟན་དུ་གཏོང་བ་བཅས་བྱེད་དགོས། སྤྱི་བདེའི་ལས་དོན་དེང་རབས་ཅན་གྱི་དམིགས་ཚད་ལ་དམ་པོར་དམིགས་ཏེ་རྨང་གཞི་ཇེ་བརྟན་དུ་གཏོང་བ་དང་། ལེགས་ཆ་ཆེ་རུ་གཏོང་བ། ཞན་ཆ་གསབ་པ། ཉམས་ཞན་སྟོབས་ཆེར་གཏོང་བ་བཅས་བྱས་ཏེ་གཞི་གྲངས་ཆེན་མོའི་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་། སྤྱི་བདེའི་བཅོས་སྒྱུར་ལས་དོན་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བ། ཁྲིམས་སྐྱོང་སྤྱི་བདེ་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ། གཞི་རིམ་གྱི་རྨང་གཞི་སྔར་ལས་ཇེ་བརྟན་དུ་གཏོང་བ། སྤྱི་བདེ་ལས་ཁུངས་ཀྱི་འཐབ་ནུས་ཏན་ཏིག་གིས་ཆེ་རུ་གཏོང་བ་བཅས་བྱེད་དགོས་ཟེར།