ཟླ་གཉིས་པའི་ཚེས་བདུན་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དབུལ་སྐྱོར་གསར་སྤེལ་བྱ་བའི་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཝང་ཅན་ཅུན་གྱིས་འགོ་འཛིན་བྱས་ཏེ་ཞིང་ཆེན་དབུལ་སྐྱོར་གསར་སྤེལ་བྱ་བའི་འགོ་ཁྲིད་ཚན་ཆུང་གི་ཉིས་སྟོང་ཉི་ཤུ་ལོའི་གྲོས་ཚོགས་ཐེངས་དང་པོ་བསྡུས། ཚོགས་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཙུང་ལི་ལིས་ཁི་ཆང་གིས་ཉེ་ལམ་དབུལ་ཐར་མཁྲེགས་གཏོར་ལས་དོན་ཐད་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་། ཤིན་ཏུ་དབུལ་བའི་ས་ཁུལ་གྱི་དབུལ་ཐར་མཁྲེགས་གཏོར་བཞུགས་མོལ་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། གྲོང་ཁྱེར་དང་ཁུལ་སོ་སོའི་དབུལ་ཐར་མཁྲེགས་གཏོར་ལས་དོན་སྤེལ་ཚུལ་གྱི་སྙན་ཞུར་ཉན་པར་མ་ཟད། མཚོ་སྔོན་ཞིང་ཆེན་དབུལ་སྐྱོར་གསར་སྤེལ་བྱ་བའི་འགོ་ཁྲིད་ཚན་ཆུང་གི་ཉིས་སྟོང་ཉི་ཤུ་ལོའི་གཙོ་གནད་བྱ་བར་གྲོས་མོལ་བྱས་པ་ལས་གཞན། ད་ལོའི་ཞིང་ཆེན་ཡོངས་ཀྱི་དབུལ་ཐར་མཁྲེགས་གཏོར་བྱ་བར་བཀོད་སྒྲིག་བྱས།
མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་། ཞིང་ཆེན་དབུལ་སྐྱོར་གསར་སྤེལ་བྱ་བའི་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ལིག་ཉིང་དང་། ཚན་གཙོ་གཞོན་པ་ཐིན་ཅཱ་ཚའེ་དང་། ཡན་ཅིན་ཧེ། ཝང་ཡུས་ཡན། ཡུས་ཚུང་ལི་བཅས་ཚོགས་འདུར་ཞུགས་པ་དང་། ཐེངས་འདིའི་གྲོས་ཚོགས་བརྙན་རིས་ཀྱི་རྣམ་པས་བསྡུས།
གྲོས་ཚོགས་ལས་བལྟས་ན། འདས་ཟིན་པའི་ལོ་གཅིག་ནང་ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་ཁུལ་སོ་སོ་དང་སྡེ་ཁག་ཚང་མས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་ནས། གནད་ཕིགས་དབུལ་སྐྱོར་དང་གནད་ཕིགས་དབུལ་ཐར་གྱི་གཞི་རྩའི་ཇུས་གཞི་རྒྱུན་འཁྱོངས་བྱས་ཏེ་ཡུལ་བབ་དང་བསྟུན་པ་དང་། དུས་བབ་དང་བསྟུན་པ། སྡེ་བ་དང་ཁྱིམ་ཚང་གི་གནས་ཚུལ་དང་བསྟུན་པ་བཅས་བྱས་ནས། ལས་དོན་ལ་གཙོ་གནད་དང་ཁྱད་ཆོས། བཀྲག་མདངས་འཚེར་ས་བཅས་ཡོད་པར་བྱས་པར་མ་ཟད། དབུལ་པོ་དབུལ་རྐྱང་གཅིག་ཀྱང་མེད་པའི་དམིགས་ཚད་མངོན་འགྱུར་བྱུང་ནས། དབུལ་ཐར་མཁྲེགས་གཏོར་ལས་དོན་ལ་ཐག་གཅོད་རང་བཞིན་གྱི་འཕེལ་རྒྱས་བྱུང་ཡོད་ཟེར།
གྲོས་ཚོགས་ལས་བསྟན་དོན། ད་ལོ་ནི་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པར་བྱེད་པ་དང་། དབུལ་ཐར་མཁྲེགས་གཏོར་གྱི་དམག་འཐབ་ལ་རྒྱལ་ཁ་ཕུ་ཐག་གཅོད་པའི་གནད་འགག་གི་དུས་སྐབས་ཤིག་ཡིན་པས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཙུང་ལི་ལིས་ཁི་ཆང་གི་མཛུབ་སྟོན་གལ་ཆེན་གྱི་བླང་བྱ་དེ་ཚད་གཞིར་བྱེད་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་དངོས་འབེབས་ཡག་པོ་བྱེད་པ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཞིབ་ཕྲའི་བཀོད་སྒྲིག་ལ་ཞིབ་བསྡུར་ཡག་པོ་བྱེད་པ། རིམས་ནད་སྔོན་འགོག་ཚོད་འཛིན་དང་དབུལ་ཐར་མཁྲེགས་གཏོར་ལ་སྤྱི་འདོམས་ཡག་པོ་བྱེད་པ་བཅས་བྱེད་དགོས། ལས་དོན་ཁག་ནན་མོ་དང་ཞིབ་ཚགས་དང་ཏན་ཏིག་ངང་ཡག་པོར་སྒྲུབ་ནས་ཆབ་སྲིད་རང་བཞིན་དང་། དམིགས་སའི་རང་བཞིན་མངོན་གསལ་དོད་ཅིང་དངོས་ཕན་རང་བཞིན་སྒོ་ཀུན་ནས་མངོན་པ། ཚོར་བ་སྐྱེན་པའི་རང་བཞིན་ལ་མཐོང་ཆེན་ཏན་ཏིག་བྱས་ཏེ། ཁྱོན་ཡོངས་ནས་དོན་འཁྱོལ་དང་། སྲ་བརྟན་གོང་འཕེལ། སྤུས་འབོར་འགན་ལེན། གཅིག་གྱུར་སྦྲེལ་མཐུད་བཅས་ཀྱི་ཐད་རྒྱུན་མཐུད་ངང་ཤུགས་སྣོན་པ་དང་། སེམས་མཐུན་ཤུགས་སྒྲིལ་དང་འབད་བརྩོན་ཆེན་པོས་མཐའ་མའི་གདོང་མཆོང་བྱས་མཐར། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པར་བྱེད་དགོས་ཟེར།
གྲོས་ཚོགས་ལས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བླང་བྱ་གལ་ཆེན་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཏེ། རྨང་གཞི་ཇེ་བརྟན་དུ་གཏོང་བ་དང་ཞན་ཆ་གསབ་པ་དེ་གལ་ཆེའི་ནང་གི་འགངས་ཆེར་བརྩིས་ནས། དབུལ་ཐར་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་། དབུལ་སྐྱོར་སྲིད་ཇུས་ཇེ་བརྟན་དུ་གཏོང་བ། རང་ངོས་འཕེལ་རྒྱས་ཀྱི་ནུས་པ་ཆེ་རུ་གཏོང་བ། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་པ་བཅས་བྱེད་པ་དང་ཆབས་ཅིག དུས་དང་རྣམ་པ་ཀུན་ཏུ་དབུལ་ཐར་མཁྲེགས་གཏོར་དམ་འཛིན་བྱས་ཏེ། རིམས་ནད་སྔོན་འགོག་ཚོད་འཛིན་དང་དབུལ་ཐར་མཁྲེགས་གཏོར་་གྱི་ཕྱོགས་གཉིས་དམ་འཛིན་དང་ཕྱོགས་གཉིས་སྲ་བརྟན་གཏོང་བར་འགན་ལེན་བྱེད་དགོས། གཅིག་གྱུར་འཆར་འགོད་དང་ཕྱོགས་ཡོངས་ལ་ལྟ་རྟོག ཕྱོགས་བསྡུས་ཇུས་བསྟར། གནད་ཁེལ་ཇུས་འདོན་བཅས་བྱེད་པ་དང་། ཀྲུང་དབྱང་གི་དབུལ་ཐར་མཁྲེགས་གཏོར་གྱི་ཆེད་དོན་སྐོར་ཞིབ་བྱ་བའི་ཕྱིར་མིག་ལྟ་བའི་ལས་རིམ་དང་ཕན་འབྲས་ལ་དཔྱད་ཞིབ་བྱེད་པའི་བསམ་འཆར་དག་ཐེར་ལ་དམ་འཛིན་མཐའ་གཅིག་ཏུ་བྱེད་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གསར་སྤེལ་འགོ་ཁྲིད་ཚན་ཆུང་གི་ཆེད་དོན་ལྟ་སྐུལ་མཛུབ་སྟོན་དང་དབུལ་ཕངས་ཀྱི་ཞྭ་མོ་ཕུད་པའི་རྫོང་ཡོངས་ལ་ཁྱབ་བཤེར་ཞིབ་བཤེར་བྱེད་པའི་གྲ་སྒྲིག་ལས་དོན་སྔ་མོ་ནས་ཡག་པོ་སྒྲུབ་པ། བོད་རིགས་ས་ཁུལ་གྱི་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་མངོན་འགྱུར་ཡོང་ཚད་ཀྱི་ཞིབ་རྩིས་ལས་དོན་ལ་ལྟ་སྟངས་ནན་ཏན་འཛིན་པ། དབུལ་སྐྱོར་ལས་དོན་རུ་ཁག་བརྟན་པོ་ཡོང་བར་བྱེད་པ་དང་། ལས་བྱེད་པ་ཁྲི་འབུམ་གཞི་རིམ་དུ་སྐྱོད་པའི་ནུས་པ་འདོན་སྤེལ་བཅས་བྱས་ནས། དབུལ་ཐར་ཕན་འབྲས་ལ་ཕྱོགས་ཡོངས་ནས་ཞིབ་བཤེར་བྱེད་དགོས། ཁབ་གསབ་གསལ་བཤད་ཀྱི་བྱེད་ཐབས་ཁག་ལ་ཤུགས་སྣོན་པ་དང་། རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཞུ། ཐོན་ལས་དབུལ་སྐྱོར། བསམ་པའི་དབུལ་ཐར་སོགས་ཐད་ཀྱི་ཞན་ཆར་དམིགས་ཏེ། སྟོབས་ཤུགས་གཅིག་བསྡུས་དང་གནད་ཁེལ་ཤུགས་འདོན་བྱས་ཏེ། དཀའ་བ་སྤྱད་དེ་གཞི་རིམ་དམ་འཛིན་དང་། རྨང་གཞི་འདིང་བ། གཞི་རྩ་བརྟན་དུ་གཏོང་བ་བཅས་བྱས་ཏེ། མང་ཚོགས་ཀྱིས་ཁས་ལེན་བྱེད་ཚད་མཐོ་རུ་གཏོང་བ་དང་། མང་ཚོགས་ཀྱིས་ལས་ལ་བརྩོན་པའི་ལག་ཟུང་གཉིས་ལ་བརྟེན་ནས་བདེ་སྐྱིད་ཀྱི་འཚོ་བ་གསར་སྐྲུན་བྱེད་པར་ཁྲིད་སྟོན་བྱེད་དགོས། མིག་མདུན་ནས་གཞི་ཚུགས་པར་བྱེད་པ་དང་ཕུགས་ལ་དམིགས་ཏེ། དབུལ་ཐར་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་། དབུལ་ཞྭ་ཕུད་ཀྱང་འགན་འཁྲི་མི་འདོར་བ་དང་། སྲིད་ཇུས་མི་འདོར་བ། རོགས་སྐྱོར་མི་འདོར་བ། ལྟ་སྐུལ་དོ་དམ་མི་གཏོང་བ་བཅས་ཀྱི་བླང་བྱ་གཞིར་བཟུང་ནས། ལྟ་ཞིབ་ཚད་ལེན་དང་སྔོན་བརྡ་གཏོང་བ་དང་གནད་ཁེལ་དབུལ་སྐྱོར་སོགས་ཕུགས་ཕན་ལས་ཀའི་ལམ་སྲོལ་འཐུས་སྒོ་ཇེ་ཚང་དུ་གཏོང་བ་དང་། དབུལ་ཕོངས་མཐའ་མཚམས་ཀྱི་ཁྱིམ་ཚང་ལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་བ། དེ་འབྲེལ་གྱི་ལས་དོན་ཕྱོགས་ཡོངས་ནས་ཡག་པོ་སྒྲུབ་པ་བཅས་བྱས་ཏེ། ལས་དོན་ཁག་ཕན་ཚུན་སྐུལ་འདེད་དང་མཉམ་དུ་ཡར་རྒྱས་ཡོང་བར་བྱེད་དགོས། དཔེ་སྟོན་ཞིང་ཆེན་ལྔ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བ་དང་། དཔལ་འབྱོར་གྱི་རྣམ་པ་རིགས་བཞི་འཛུགས་སྐྲུན་བྱེད་པར་སྔར་ལས་རྒྱུན་རིང་གི་སྟོབས་ཤུགས་གཅིག་བསྡུས་བྱེད་དགོས། དབུལ་ཐར་མཁྲེགས་གཏོར་གྱི་འཐབ་ཕྱོགས་དང་པོ་རུ་ལས་བྱེད་པའི་སྤྱོད་ཚུལ་ལ་ཞིབ་བཤེར་ཡག་པོ་བྱས་ནས། དཀའ་ངལ་དང་ཉེན་ཁ་ཇི་ཙམ་ཆེ་ན་དེ་ཙམ་གྱིས་མདུན་སྐྱོད་བྱེད་པའི་བསམ་པའི་འཁྱེར་སོ་མུ་མཐུད་རྒྱུན་འཁྱོངས་བྱེད་པ་དང་། དོ་དམ་ནན་པོ་དང་གཅེས་སྐྱོང་གལ་ཆེ་མཉམ་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ཏེ། དབུལ་ཐར་མཁྲེགས་གཏོར་ཁྲོད་ཀྱི་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་བཅོས་སྒྲིག་མཐའ་གཅིག་ཏུ་བྱེད་དགོས། ལྷག་པར་དུ་མིག་སྔར་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་གནོན་ཤུགས་ཆེ་བ་དང་། འགྲན་སློང་མང་བ། ལས་འགན་ལྕི་བ་བཅས་ཀྱི་དབང་གིས། དབུལ་སྒྲོལ་འགག་སྒྲོལ་ལ་འཐུས་ཤོར་དང་ཤུགས་རྐྱེན་གཏན་ནས་གཏོང་མི་རུང་བར་ངེས་པར་དུ་སྤྱོད་ཚུལ་བཟང་པོར་བརྟེན་ནས་སྤུས་ཚད་མཐོ་བའི་སྒོ་ནས་དབུལ་ཐར་མཁྲེགས་གཏོར་གྱི་མཇུག་བསྡུའི་དམག་འཐབ་ལ་རྒྱལ་ཁ་ལེན་དགོས་ཟེར།