མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ཆུ་བེད་བྱ་བའི་གྲོས་ཚོགས་ཟི་ལིང་ནས་བསྡུས།
2020.02.10 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 16

ཟླ་དང་པོའི་ཚེས་ཉེར་གཉིས་ཉིན། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ཆུ་བེད་བྱ་བའི་གྲོས་ཚོགས་ཟི་ལིང་ནས་བསྡུས། ཚོགས་ཐོག་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ཁྲིད་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་ཀྱིས། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ། ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པ་དང་། རྒྱལ་ཡོངས་ཆུ་བེད་བྱ་བའི་གྲོས་ཚོགས། ཞིང་ཆེན་ཡོངས་ཀྱི་ཞིང་སྡེ་དང་འབྲོག་ཁུལ་བྱ་བའི་གྲོས་ཚོགས་བཅས་ཀྱི་བཀོད་སྒྲིག་གཞིར་བཟུང་ནས། ཉིས་སྟོང་བཅུ་དགུ་ལོའི་ཆུ་བེད་བྱ་བར་སྤྱི་སྡོམ་དང་མིག་སྔའི་ཆུ་བེད་འཕེལ་རྒྱས་ཀྱི་གནས་བབ་ལ་དབྱེ་ཞིབ་བྱས་པར་མ་ཟད། ཉིས་སྟོང་ཉི་ཤུ་ལོའི་ལས་འགན་གཙོ་བོར་བཀོད་སྒྲིག་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལིག་ཉིང་གིས་བྱ་བར་བླང་བྱ་བཏོན།

ལིག་ཉིང་གིས་བསྟན་དོན། འདས་ཟིན་པའི་ལོ་གཅིག་རིང་། ཞིང་ཆེན་ཡོངས་ཀྱི་ཆུ་བེད་ཁོངས་གཏོགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཆུ་བཅོས་ཆུ་དར་གྱི་རྒྱས་བཤད་གལ་ཆེན་ལག་བསྟར་གཏིང་ཟབ་དང་། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཇུས་ཆོད་བཀོད་སྒྲིག་དོན་འཁྱོལ་ནན་ཏན། མཁྲེགས་གཏོར་དཀའ་སེལ་དང་འབད་འབུངས་མདུན་སྐྱོད། ལས་གཞི་གལ་ཆེན་གྱི་སྔོན་འགྲོའི་ལས་དོན་དང་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན། ཆུ་ཐན་གྱི་གནོད་འཚེ་འགོག་སེལ། འཐུང་ཆུའི་བདེ་འཇགས་སྲ་བརྟན་མཐོར་འདེགས། གཙང་པོ་དང་མཚེའུ་ཡི་གང་འདོད་བཞིའི་གནད་དོན་དག་ཐེར་བཅོས་སྐྱོང་སོགས་ཀྱི་ལས་དོན་ཏན་ཏིག་ངང་ཡག་པོ་བསྒྲུབས་པས། ཆུ་བེད་བཟོ་སྐྲུན་གྱི་ཞན་ཆ་གསབ་པ་དང་ཆུ་བེད་ལས་རིགས་ཀྱི་ལྟ་སྐུལ་དོ་དམ་ཤུགས་ཆེ་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོབ་ཡོད་ཟེར།

ལིག་ཉིང་གིས་ནན་གྱིས་བསྟན་དོན། ལོ་གསར་བའི་ནང་དུ། ཞིང་ཆེན་ཡོངས་ཀྱི་ཆུ་བེད་ཁོངས་གཏོགས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ཁྲིད་སྟོན་དུ་འཛིན་པ་རྒྱུན་འཁྱོངས་བྱེད་རྒྱུ་དང་། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ། ཞིང་ཆེན་སྲིད་གཞུང་བཅས་ཀྱི་བཀོད་སྒྲིག་བླང་བྱ་ལྟར་དུ། ཆུ་བེད་སྒྱུར་བཅོས་དང་འཕེལ་རྒྱས་ཀྱི་སྤྱིའི་དགོངས་གཞི་ལག་ལེན་མཐའ་གཅིག་ཏུ་བྱེད་པ་དང་། རྨ་ཆུ་ཟི་ལིང་དུ་འདྲེན་པ་སོགས་ལས་གཞི་གལ་ཆེན་གྱི་སྟ་གོན་བྱ་བར་དམ་འཛིན་ཏན་ཏིག་བྱེད་པ། ཆུ་བེད་བཟོ་སྐྲུན་གལ་ཆེན་འཛུགས་སྐྲུན་བྱེད་པའི་གོམ་སྟབས་སྔར་ལས་མགྱོགས་སུ་གཏོང་བ། ཆུ་བེད་བཟོ་སྐྲུན་གྱི་འཁོར་སྐྱོད་དོ་དམ་ལ་ཤུགས་སྣོན་པ། ས་ཆུ་ཤོར་བ་འགོག་བཅོས་བྱེད་ཤུགས་ཆེ་རུ་གཏོང་བ། ཆུ་བོ་དང་མཚེའུ་ཡི་ཆུ་བདག་ལམ་ལུགས་ཀྱི་དོ་དམ་གཏིང་ཟབ་ཏུ་གཏོང་བ། ཆུ་བེད་བྱ་གཞག་སྤུས་ཚད་མཐོན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ་བཅས་བྱས་ནས། སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ཀྱི་འཐབ་ཇུས་ལ་སྐུལ་འདེད་གཏོང་བ་དང་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་ཆེད་ལེགས་སྐྱེས་གསར་པ་འབུལ་དགོས་ཟེར།

གྲོས་ཚོགས་ལས་བསྟན་དོན། ཉིས་སྟོང་བཅུ་དགུ་ལོར་ཞིང་ཆེན་ཡོངས་ཀྱི་ཆུ་བེད་ཁོངས་གཏོགས་ཀྱིས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཇུས་ཆོད་བཀོད་སྒྲིག་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཏེ། ཕུགས་དོན་ལ་དམིགས་པ་དང་ཞན་ཆ་གསབ་པ། ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་པ་བཅས་ཀྱི་གཙོ་གནད་ལས་དོན་ཁག་ལ་སྐུལ་འདེད་ཤུགས་ཆེན་བཏང་བས། ལོ་ཧྲིལ་བོའི་དམིགས་ཚད་ལས་འགན་བཟང་ཙམ་ལེགས་འགྲུབ་བྱུང་ནས། ཆུ་བེད་ཀྱིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་འདེགས་སྐྱོར་བྱེད་པའི་ནུས་པ་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད་ཟེར། གྲོས་ཚོགས་ལས་ནན་གྱིས་བསྟན་དོན། ཉིས་སྟོང་ཉི་ཤུ་ལོར་ཞིང་ཆེན་ཡོངས་ཀྱི་ཆུ་བེད་ཁོངས་གཏོགས་ཀྱིས“ཡིག་འབྲུ་བཅུ་དྲུག”གི་དུས་རབས་གསར་པའི་ཆུ་བཅོས་བསམ་ཕྱོགས་ལག་ལེན་ཧུར་ཐག་སྒོས་བྱེད་པ་དང་། ཀྲུང་ཧྭའི་ཆུ་མཛོད་ལ་སྲུང་སྐྱོབ་ཡག་པོ་བྱེད་རྒྱུ་གཞི་རྐང་དུ་བཟུང་བ། ཆུ་བེད་འཕེལ་རྒྱས་ཀྱི་ཕུགས་དོན་ལ་དམིགས་པ་དང་། ཆུ་བེད་བཟོ་སྐྲུན་གྱི་ཞན་ཆ་གསབ་པ། ཆུ་བེད་ལས་རིགས་ཀྱི་ལྟ་སྐུལ་དོ་དམ་གྱི་ལྟེ་བའི་ལས་དོན་མངོན་གསལ་དོད་པོ་ཡོང་བར་བྱེད་པ། ཆུ་བེད་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ། ཆུ་བེད་བཅོས་སྒྱུར་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བ་བཅས་བྱེད་དགོས། ཆུ་བེད་དོ་དམ་ལ་ཤུགས་ཆེན་པོ་སྣོན་པ་དང་། ཆུའི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བར་ཟམ་མི་ཆད་པར་སྐུལ་འདེད་གཏོང་བ། ཆུ་བེད་མ་དངུལ་སྣ་ཚོགས་སྒོར་དུང་ཕྱུར65དོན་འཁྱོལ་ཡོང་བར་འབད་བརྩོན་བྱེད་པ། རྨ་ཆུ་ཟི་ལིང་དུ་འདྲེན་པ་སོགས་ཆུ་བེད་བཟོ་སྐྲུན་གལ་ཆེན་འཛུགས་སྐྲུན་བྱེད་འགོ་རྩོམ་པར་བརྩོན་ལེན་བྱེད་པ། ཆུ་བེད་ལས་རིགས་ཀྱིས་ས་ཆུ་ཤོར་བའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ300བཅོས་སྐྱོང་བྱེད་རྒྱུ་བཅས་ལ་བརྩོན་ལེན་བྱས་ཏེ། ཆུའི་ཐོན་ཁུངས་དོ་དམ་དང་། གཙང་པོ་དང་མཚེའུ་ལ་དོ་དམ། ཆུ་གྲོན་ཆུང་། འཁོར་སྐྱོད་ལ་དོ་དམ། ཉེན་མེད་ཐོན་སྐྱེད། ཆུ་ལོག་དང་ཐན་པ་འགོག་བཅོས་བཅས་ཀྱི་ལས་དོན་ལ་ཡར་རྒྱས་གསར་པ་འབྱུང་བའི་སྔོན་དཔག་དམིགས་ཚད་ཡོངས་འགྲུབ་བྱས་ཏེ། དཔེ་སྟོན་ཞིང་ཆེན་ལྔ་འཛུགས་སྐྲུན་བྱེད་ཆེད་བློ་གཏད་ཆོག་པའི་ཆུ་བེད་འདེགས་སྐྱོར་དང་འགན་ལེན་མཁོ་འདོན་བྱེད་དགོས་ཟེར།