མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་མི་དམངས་སྲིད་གཞུང་གིས་ཧུའུ་པེ་ཞིང་ཆེན་ལ་གློག་འཕྲིན་གྱི་ལམ་ནས་འཚམས་འདྲི་བྱས་པར་ཧུའུ་པེ་ཞིང་ཆེན་གྱི་འབྲེལ་ཡོད་འགོ་ཁྲིད་ཀྱིས་ཕྱིར་བཀའ་དྲིན་ཞུ་བའི་འཕྲིན་ལན་བསྐུར།
2020.02.16 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 14

 ཟླ་གཉིས་པའི་ཚེས་བཅུ་གསུམ་ཉིན། ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་མི་དམངས་སྲིད་གཞུང་གིས་ཀྲུང་གུང་ཧུའུ་པེ་ཞིང་ཆེན་ཨུ་ཡོན་ལྷན་ཁང་དང་ཧུའུ་པེ་ཞིང་ཆེན་མི་དམངས་སྲིད་གཞུང་ལ་གློག་འཕྲིན་བཏང་ནས་འཚམས་འདྲི་ཟབ་མོ་བྱས་ཏེ། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཐབ་ས་དང་པོར་འབད་འཐབ་བྱེད་བཞིན་པའི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས། སྨན་བཅོས་མི་སྣ། མི་དམངས་བཅིངས་འགྲོལ་དམག་གི་བཀོད་འཐབ་པ། དྲག་ཆས་ཉེན་རྟོག་དཔོན་དམག སྤྱི་བདེའི་ལས་བྱེད་ཉེན་རྟོག་པ་བཅས་ལ་བླ་ན་མེད་པའི་གུས་འདུད་ཞུས་པར་མ་ཟད། མཚོ་སྔོན་མི་དམངས་ཀྱིས་ཧུའུ་པེ་མི་དམངས་དང་དཀའ་ངལ་མཉམ་སེལ་དང་ཕན་ཚུན་རོགས་རེས་བྱས་ཏེ་རིམས་ནད་དང་དཀའ་ངལ་ལས་རྣམ་པར་རྒྱལ་བར་བྱེད་པའི་ཆོད་སེམས་མཚོན་པར་བྱས་པར་མ་ཟད།  སྨན་བཅོས་སྟོབས་ཤུགས་དང་སྨན་བཅོས་ཐོན་ཁུངས། འཚོ་བའི་དངོས་རྫས་སོགས་ཀྱི་ཐད་ནས་ཧུའུ་པེར་རོགས་སྐྱོར་བྱས། ཟླ་གཉིས་པའི་ཚེས་བཅུ་བཞི་ཉིན་ཀྲུང་གུང་ཧུའུ་པེ་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་དབྱིན་ཡུང་དང་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཧྲིན་ཀྲང་ཝང་ཞའོ་ཏུང་གིས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཅན་ཅུན་དང་ཧྲིན་ཀྲང་ལིག་ཉིང་ལ་གློག་འཕྲིན་བཏང་སྟེ། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་མི་དམངས་སྲིད་གཞུང་དང་། དེ་བཞིན་མཚོ་སྔོན་མི་དམངས་གྱིས་ཧུའུ་པེ་ཞིང་ཆེན་ལ་སེམས་ཁུར་དང་རོགས་རམ་བྱས་པར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་པར་མ་ཟད། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ཏུ། དཔའ་མཛངས་རྟུལ་ཕོད་ཀྱི་ཧུའུ་པེ་མི་དམངས་ཀྱིས་རྒྱལ་ཡོངས་མི་དམངས་དང་མཉམ་དུ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ལ་རྒྱལ་ཁ་ཐོབ་ངེས་ཡིན་ལེན་ངེས་པའི་ཡིད་ཆེས་བརྟན་པོ་མཚོན་པར་བྱས།

འཚམས་འདྲིའི་གློག་འཕྲིན།

ཀྲུང་གུང་ཧུའུ་པེ་ཞིང་ཆེན་ཨུ་ཡོན་ལྷན་ཁང་དང་ཧུའུ་པེ་ཞིང་ཆེན་མི་དམངས་སྲིད་གཞུང་ལ།

གློ་བུར་དུ་བྱུང་བའི་ཏོག་གསར་གློ་ཚད་ཀྱི་སྔོན་འགོག་ཚོད་འཛིན་གཡུལ་འགྱེད་དེ་ལས་རྣམ་པར་རྒྱལ་བའི་ཐད། ཁྱེད་ཞིང་ཆེན་གྱིས་དཀའ་སྤྱད་འབད་བརྩོན་ཆེན་པོ་བྱས་ཡོད། ཧུའུ་པེ་རྒྱལ་ན་རྒྱལ་ཡོངས་རྒྱལ་ཐུབ། ང་ཚོས་ཁྱེད་ཞིང་ཆེན་གྱི་རྐྱེན་ངན་གོད་ཆག་ལ་སེམས་ཁུར་བྱེད་བཞིན་ཡོད་པ་དང་། མཚོ་སྔོན་མི་དམངས་ཀྱིས་ཁྱེད་ཞིང་ཆེན་གྱི་མི་དམངས་དང་མཉམ་དུ་དཀའ་ངལ་མཉམ་སེལ་དང་ཕན་ཚུན་རོགས་རེས་བྱས་ཏེ། མཉམ་དུ་རིམས་ནད་དང་དཀའ་ངལ་ལས་རྣམ་པར་རྒྱལ་བར་བྱེད་འདོད་ཡོད། འདིར་ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་དང་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་བཅས་ཀྱིས་ཁྱེད་ཞིང་ཆེན་ལ་འཚམས་འདྲི་ཟབ་མོ་བྱས་པ་ཡིན་ལ། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཐབ་ས་དང་པོར་འབད་འཐབ་བྱེད་བཞིན་པའི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས། སྨན་བཅོས་མི་སྣ། མི་དམངས་བཅིངས་འགྲོལ་དམག་གི་བཀོད་འཐབ་པ། དྲག་ཆས་ཉེན་རྟོག་དཔོན་དམག སྤྱི་བདེའི་ལས་བྱེད་ཉེན་རྟོག་པ་བཅས་ལ་བླ་ན་མེད་པའི་གུས་འདུད་ཞུས་པ་ཡིན།

ཧུའུ་པེ་ནི་དཔའ་བོའི་ཕ་ཡུལ་ཡིན་པ་དང་། ཧུའུ་པེ་མི་དམངས་ཀྱིས་གསར་བརྗེར་རྒྱལ་ཁ་ཐོབ་པ་དང་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱེད་པར་བྱས་རྗེས་ཆེན་པོ་བཞག་ཡོད། ཕྱོགས་གཅིག་དཀའ་ངལ་ལ་འཕྲད་ཚེ་ཕྱོགས་བཞི་མཚམས་བརྒྱད་ནས་རོགས་སྐྱོར་བྱེད་དགོས། དཔའ་བོའི་ཕ་ཡུལ་གྱི་མི་དམངས་ལ་རོགས་སྐྱོར་བྱས་ཏེ་རིམས་ནད་ལས་རྣམ་པར་རྒྱལ་བར་བྱ་རྒྱུ་ནི་ང་ཚོའི་འདོར་ཐབས་མེད་པའི་འགན་འཁྲི་ཡིན། དེར་བརྟེན། ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་དང་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་ཁྱེད་ཞིང་ཆེན་ལ་མི་དམངས་ཤོག་སྒོར་བྱེ་བ་གཅིག་དང་ས་ཡ་གཉིས་ལྷག་གི་རིན་ཐང་ཡོད་པའི་དུག་སེལ་གཤེར་ཁུ་ཏུན50དང་། ནོར་ལུག་གི་ཤ་ཏུན50། ཤ་སྐམ་ཏུན16། ཞོ་ཏུན44། ཀ་ར་གོ་རེ་སྒམ493། ཧུབ་སྐམ་སྒམ350། དབྱར་རྩྭ་དགུན་འབུ་སྒམ350བཅས་དངོས་རྫས་རིགས་བདུན་དང་། ད་དུང་བོད་སྨན་གྱི་རིམས་འགོག་སྤྱིན་ཐུམ1000བཅས་ཞལ་འདེབས་སུ་ཕུལ་བ་ཁྱེད་ཞིང་ཆེན་གྱི་རིམས་ནད་འགོག་པའི་འཐབ་ས་དང་པོར་བསྐྱལ་ནས། ཁྱེད་ཞིང་ཆེན་གྱི་མི་དམངས་མང་ཚོགས་ནད་ཡམས་ལས་རྣམ་པར་རྒྱལ་བ་དང་ཐོན་སྐྱེད་སླར་གསོ་བྱ་ཆེད་ནུས་ཤུགས་ཕྲན་བུ་བཏོན་ཡོད།

བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ཏུ། དཔའ་ངར་ཞུམ་མེད་ཀྱི་ཧུའུ་པེ་མི་དམངས་ཀྱིས་རྒྱལ་ཡོངས་མི་དམངས་དང་མཉམ་དུ། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་ཐུབ་པར་ང་ཚོ་ལ་ཡིད་ཆེས་ཆེན་པོ་ཡོད། 

ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་དང་

མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས། 

བཀའ་དྲིན་ཞུ་བའི་འཕྲིན་ཡིག

གུས་པར་འོས་པའི་བློ་མཐུན་ཝང་ཅན་ཅུན་དང་བློ་མཐུན་ལིག་ཉིང་རྣམ་གཉིས་ཀྱི་དྲུང་དུ།

རྒྱལ་ཡོངས་ཀྱི་གོང་འོག་ཚང་བར་གསུམ་ཚང་མས་མཉམ་དུ་ཏོག་གསར་གློ་ཚད་འགོག་བཅོས་བྱེད་པའི་འགག་རྩའི་དུས་སྐབས་འདིར། ང་ཚོས་ཧུའུ་པེ་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། དེ་བཞིན་ཧུའུ་པེ་མི་དམངས་བྱེ་བ་དྲུག་ས་ཡ་གཅིག་བཅས་ཀྱི་ཚབ་བྱས་ཏེ། ང་ཚོ་དང་གཅིག་སེམས་གཅིག་སྦྲེལ་དང་ཕན་ཚུན་རོགས་རེས་བྱེད་མཁན་གྱི། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། དེ་བཞིན་མཚོ་སྔོན་མི་དམངས་བཅས་ལ་བླ་ན་མེད་པའི་གུས་འདུད་དང་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་པ་ཡིན།

ནད་ཡམས་ལྕི་མོར་སྙིང་རྗེ་མེད་ཀྱང་མི་ཡུལ་ལ་བརྩེ་བའི་དྲོད་ཁོལ་ཡོད། ཧུའུ་པེ་ཞིང་ཆེན་ལ་རིམས་ནད་བྱུང་བ་ནས་བཟུང་། ཁྱེད་ཞིང་ཆེན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་མོ་བྱས་ཏེ། འཁྱག་དུས་གོས་དང་ལྟོགས་དུས་ཟས་ཟེར་བ་བཞིན་ཞིང་ཆེན་ཡོངས་ཀྱི་གོང་འོག་བར་གསུམ་ཚང་མ་སྐུལ་སློང་བྱས་ཏེ་ང་ཚོར་སྨན་བཅོས་སྟོབས་ཤུགས་དང་སྨན་བཅོས་ཐོན་ཁུངས། འཚོ་བའི་དངོས་རྫས་སོགས་ཐད་ཀྱི་རོགས་རམ་བྱས་པ་ལས། སྡུག་གི་ཁུར་བོ་མཉམ་ཁུར་བྱེད་པའི་བརྩེ་བཆེན་པོ་མཚོན་ཡོད་ཅིང་། ཕྱོགས་གཅིག་ལ་དཀའ་ངལ་བྱུང་ན་ཕྱོགས་བཞི་མཚམས་བརྒྱད་ཀྱིས་རོགས་སྐྱོར་བྱེད་པའི་ལམ་ལུགས་ཀྱི་དགེ་མཚན་ཡང་མངོན་པར་མཚོན་ཡོད་པས། ཧུའུ་པེ་མི་དམངས་ཀྱིས་ཁྱེད་ཅག་དུས་ནམ་ཡང་བརྗེད་མི་སྲིད།

མིག་སྔར་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་བ་དཀའ་ཚེགས་ཆེ་ཤོས་ཀྱི་འགག་རྩའི་དུས་མཚམས་སུ་སླེབས་ཡོད། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ་དང་། ཡིད་ཆེས་ཆེར་བསྐྱེད་དང་དཀའ་ངལ་མཉམ་སེལ། ལུགས་མཐུན་འགོག་བཅོས། གནད་འཁེལ་ཇུས་བསྟར་བཅས་ཀྱི་སྤྱིའི་བླང་བྱ་གཞིར་བཟུང་ནས། ཡིད་ཆེས་བརྟན་པོ་དང་ཞུམ་མེད་བློ་སྟོབས། འཕྲལ་ཐག་ཆོད་པོའི་བྱེད་ཐབས་ལ་བརྟེན་ཏེ། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་མི་དམངས་དམག་འཁྲུག་དང་སྤྱི་ཡོངས་ཀྱི་དམག་འཐབ། འགོག་རྒོལ་དམག་འཐབ་བཅས་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་རྒྱུ་ཡིན།

མི་འདོད་སྡུག་གི་གྲང་ངར་ཆེ་ནའང་། ། བརྩོན་པའི་ངལ་བས་སྐྱིད་ཀྱི་དཔྱིད་དཔལ་བསུ།། ཞེས་པ་བཞིན་སེམས་ཤུགས་གཅིག་མཐུན་བྱས་ན་གནམ་འོག་འདི་རུ་བརྒལ་མི་ཐུབ་པའི་འགག་སྒོ་མེད་ལ། རྡོག་རྩ་གཅིག་སྒྲིལ་བྱས་ན་མི་ཡུལ་འདི་རུ་སེལ་མི་ཐུབ་པའི་འགལ་རྐྱེན་མེད་པར་ང་ཚོར་ཡིད་ཆེས་བརྟན་པོ་ཡོད།  བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་དགེ་མཚན། སྤུན་ཟླའི་ཞིང་ཆེན་དང་རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་ཀྱི་སྟོབས་ཤུགས་ཡོད་རྒུའི་རོགས་རམ་བཅས་ཡོད་པས། ང་ཚོས་ཝུའུ་ཧན་སྲུང་སྐྱོབ་དམག་འཐབ་དང་ཧུའུ་པེ་སྲུང་སྐྱོབ་དམག་འཐབ་ལ་རྒྱལ་ཁ་བླངས་ཏེ། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཐབ་རྩོད་རྣམ་པར་རྒྱལ་ཐུབ་པ་ཤ་སྟག་ཡིན།

 ཀྲུང་གུང་ཧུའུ་པེ་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་དབྱིན་ཡུང་དང་

ཧུའུ་པེ་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཧྲིན་ཀྲང་ཝང་ཞའོ་ཏུང་གིས།

2020ལོའི་ཟླ་2ཚེས་14ཉིན་ཕུལ།



བན་དེ་སྐྱབས་ཀྱིས་བསྒྱུར།