མཚོ་སྔོན་ཞིང་ཆེན་ཏང་ཨུས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་བསྡུས།
2020.02.22 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 13

ཟླ་གཉིས་པའི་ཚེས་ཉེར་གཅིག་ཉིན་གྱི་སྔ་དྲོར། མཚོ་སྔོན་ཞིང་ཆེན་ཏང་ཨུས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་བསྡུས་ནས། ཀྲུང་དབྱང་གི་འབྲེལ་ཡོད་ཡིག་ཆ་དང་རྒྱལ་ཡོངས་རྩ་འཛུགས་པུའུ་ཀྲང་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་། མཚོ་སྔོན་ཞིང་ཆེན་གྱི་ལག་བསྟར་གྲོས་གཞི་ལ་ཞིབ་འཇུག་བྱས་པ་མ་ཟད། འབྲེལ་ཡོད་ཡིག་ཆར་གྲོས་སྡུར་བྱས། མཚོ་སྔོན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་ཝང་ཅན་ཅུན་གྱིས་གྲོས་ཚོགས་ལ་འགོ་མཛིན་བྱས།

ཚོགས་ཐོག་ནས་བསྟན་དོན། ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཚུན་དུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དུས་རབས་གསར་བའི་ཏང་གི་འཛུགས་སྐྲུན་དང་རྩ་འཛུགས་བྱ་བ་བཟང་བོར་བསྒྲུབ་པའི་ཐད་ནས་འདུ་ཤེས་གསར་བ་དང་བསམ་བློ་གསར་བ། འཐབ་ཇུས་གསར་བ་རབ་དང་རིམ་པ་བཏོན་པ་དང་། དེར་མངོན་སུམ་གྱི་དོན་སྙིང་དང་ལོ་རྒྱུས་ཀྱི་དོན་སྙིང་གལ་ཆེན་ལྡན། རྒྱལ་ཡོངས་རྩ་འཛུགས་པུའུ་ཀྲང་གྲོས་ཚོགས་ཀྱིས་དུས་རབས་གསར་བའི་ཏང་གི་འཛུགས་སྐྲུན་རེ་བ་དང་དུས་རབས་གསར་བའི་ཏང་གི་རྩ་འཛུགས་ལམ་ཕྱོགས་ལག་བསྟར་གཏིང་ཟབ་བྱས་པ་དང་། ཏང་གི་འཛུགས་སྐྲུན་དང་རྩ་འཛུགས་བྱ་བའི་རྣམ་པ་གསར་བ་གྲུབ་པར་བྱེད་པའི་ཐད་ཁ་གཏད་རང་བཞིན་དང་མཛུབ་སྟོན་རང་བཞིན་ཆེན་པོ་ལྡན། ཞིང་ཆེན་གོང་འོག་ཡོངས་དང་ལྷག་པར་དུ་རྩ་འཛུགས་སྡེ་ཁག་གིས་ཅི་མ་ཅི་བཞིན་དུ་སློབ་སྦྱོང་བྱེད་པ་དང་རྒྱུས་ལོན་གཏིང་ཟབ་བྱེད་པ། ཏན་ཏན་ཏིག་ཏིག་གིས་ལག་བསྟར་བྱེད་དགོས་ཟེར།

ཚོགས་ཐོག་ནས་ནན་གྱིས་བསྟན་དོན། ཆབ་སྲིད་ལས་འགན་ལ་དམིགས་ནས་རྩ་འཛུགས་བྱ་བ་སྤེལ་བ་དང་། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་རང་རྟོན་བཞི་ཇེ་བརྟན་དུ་གཏོང་བར་བརྟེན་ནས་སྲུང་སྐྱོབ་གཉིས་ལག་བསྟར་བྱས་ཏེ། རང་རྟོགས་སྒོས་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱེད་དགོས། བརྗོད་དོན་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་པར་དམིགས་ནས་རྩ་འཛུགས་བྱ་བ་སྤེལ་བ་དང་། ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཟུང་རྒྱུ་དེ་ཏང་གི་འཛུགས་སྐྲུན་ལ་ཤུགས་སྣོན་པའི་ཡུན་རིང་གི་དཔྱད་གཞི་དང་ཏང་ཡོན་ཡོངས་དང་ལས་བྱེད་པའི་མི་ཚེ་གང་བོའི་སློབ་གཞི་རུ་བརྩིས་ནས་རྒྱུན་འཁྱོངས་ལྷོད་མེད་བྱེད་དགོས། བློ་དཀར་སྤྱོད་གཙང་དང་ཁག་ཁུར་ཡོད་པ། བྱང་ཚད་མཐོ་བའི་ལས་བྱེད་པའི་དཔུང་སྡེ་སྐྱེད་སྲིང་བྱེད་པར་དམིགས་ནས་རྩ་འཛུགས་བྱ་བ་སྤེལ་བ་དང་། ན་གཞོན་ལས་བྱེད་པ་དང་བུད་མེད་ལས་བྱེད་པ། གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པ། ཏང་ཕྱིའི་ལས་བྱེད་པ་སྐྱེད་སྲིང་གདམ་བསེས་བཀོལ་སྤྱོད་བྱེད་པ་དང་ལས་འཁྱུར་ངལ་གསོ་དང་ལས་བྲལ་བྱས་པའི་ལས་བྱེད་པའི་བྱ་བ་བཟང་བོར་བསྒྲུབ་ནས། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་དུས་རབས་གསར་བའི་ནང་བྱ་བ་བསྒྲུབ་པ་དང་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་ཐད་བྱས་རྗེས་འཇོག་པའི་བརྩོན་སེམས་ཆེར་སྐྱེད་དགོས། ཏང་གི་ཆབ་སྲིད་དགེ་མཚན་དང་རྩ་འཛུགས་དགེ་མཚན། མང་ཚོགས་ལ་འབྲེལ་འདྲིས་བྱེད་པའི་དགེ་མཚན་འདོན་སྤེལ་བྱེད་པར་དམིགས་ནས་རྩ་འཛུགས་བྱ་བ་སྤེལ་བ་དང་། ཏང་གི་ཆབ་སྲིད་འགོ་ཁྲིད་ནུས་པ་དང་བསམ་བློའི་སྣེ་ཁྲིད་ནུས་པ། མང་ཚོགས་ཀྱི་རྩ་འཛུགས་ནུས་པ། སྤྱི་ཚོགས་ཀྱི་འབོད་སྐུལ་ནུས་པ་བཅས་ཇེ་དྲག་ཏུ་བཏང་སྟེ། ཏང་གི་དར་ཆ་ནམ་ཡང་མཚོ་སྔོན་ནས་མཐོན་པོར་བསྒྲེང་བར་བྱེད་དགོས། ཤེས་ལྡན་མི་སྣའི་ལམ་ལུགས་དང་སྲིད་ཇུས་གསར་གཏོད་ལ་དམིགས་ནས་རྩ་འཛུགས་བྱ་བ་སྤེལ་བ་དང་། མིག་རྒྱ་སྔར་ལས་ཆེན་པོ་དང་སྤོབས་པ་སྔར་ལས་ཆེན་པོ། རྣམ་འགྱུར་སྔར་ལས་བཟང་བོ། འགན་འཁྲི་སྔར་ལས་བརྟན་པོས་ཕྱོགས་སོ་སོའི་ཕུལ་བྱུང་ཤེས་ལྡན་མི་སྣ་སྐྱེད་སྲིང་དང་བཀོལ་སྤྱོད། ནང་འདྲེན་བྱས་ནས་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་དགོས། སྤྱོད་གཙང་སྲོལ་བཟང་གི་ཆབ་སྲིད་ལས་ཁུངས་འཛུགས་སྐྲུན་བྱེད་པར་དམིགས་ནས་རྩ་འཛུགས་བྱ་བ་སྤེལ་བ་དང་། མུ་མཐུད་དུ་ཁེངས་སྐྱུང་གཟབ་ནན་དང་ང་རྒྱལ་དང་འཚབ་འཚུབ་སྤང་བ་རྒྱུན་འཁྱོངས་བྱས་ཏེ། ཧུར་ཐག་གིས་ཆབ་སྲིད་གླེང་བ་དང་དྲང་བདེན་འཛིན་སྐྱོང་བྱེད་པ། ལས་སྒོའི་ཆུ་ཚད་བཟང་བ། སྤྱོད་ཚུལ་བཟང་བའི་དཔེ་སྟེན་སྡེ་ཁག་འཛུགས་སྐྲུན་བྱེད་དགོས་ཟེར།

ཚོགས་ཐོག་ནས་ཀྲུང་གུང་མཚོ་སྔོན་ཞིང་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི2020ལོའི་བྱ་བའི་གཙོ་གནད་དང་ཀྲུང་ཧྭའི་ཆུ་གཏེར་ལ་སྲུང་སྐྱོབ་བྱེད་པའི་འགུལ་སྐྱོད་རྩ་གནད། རྒྱལ་ཡོངས་རྒྱལ་ཁོངས་བར་སྟོང་འཆར་འགོད་མ་ལག་འཛུགས་པ་མ་ཟད་ལྟ་སྐུལ་ལག་བསྟར་བྱེད་པའི་སྐོར་གྱི་ཇུས་གཞི། མཚོ་སྔོན་ཞིང་ཆེན་གྱིས2019ལོ་ནས2023ལོའི་རྒྱལ་ཡོངས་ཏང་སྲིད་འགོ་ཁྲིད་ཚན་ཁག་འཛུགས་སྐྲུན་གྱི་འཆར་འགོད་རྩ་གནད་ལག་བསྟར་བྱེད་པའི་བྱེད་ཐབས་འགའ། ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་སྤྱི་ཚོགས་རིང་ལུགས་སློབ་གླིང་བྱ་བའི་སྲོལ་ཡིག་ལག་བསྟར་བྱེད་པའི་སྐོར་གྱི་བྱེད་ཐབས་འགའ། 2020ལོའི་ཞིང་ཆེན་ཏང་ཨུའི་ལྟེ་གནས་ཚན་ཆུང་གི་གཞུང་ལུགས་སློབ་སྦྱོང་བཀོད་སྒྲིག་ཇུས་གཞི། 2020ལོའི་དམངས་གཙོ་གྲོས་མོལ་གྲོས་དོན་བཀོད་སྒྲིག་འཆར་གཞི། 2020ལོའི་དམངས་གཙོ་ཏང་ཁག་དང་ཏང་ཁག་གང་ལ་ཡང་མི་གཏོགས་པའི་མི་སྣའི་རྟོག་ཞིབ་དཔྱད་གཞིའི་བཀོད་སྒྲིག་འཆར་གཞི་བཅས་ལ་གྲོས་ཞིབ་བྱས་པ་མ་ཟད། བྱ་བ་གཞན་པར་ཞིབ་འཇུག་བྱས།

རིན་ཆེན་མཚོས་བསྒྱུར།