རང་རེའི་ལས་ཁུངས་ཀྱི་གསར་འགོད་པ་བན་དེ་སྐྱབས་ཀྱིས་བཀོད་པའི་གནས་ཚུལ།
ཟླ་གཉིས་པའི་ཚེས་ཉེར་གཉིས་ཉིན། མཚོ་སྔོན་ཞིང་ཆེན་གྱི་ཏོག་གསར་གློ་ཚད་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ཡིས་ཟི་ལིང་ནས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་ཐེངས་དགུ་པ་བསྡུས་ཏེ། ཞིང་ཆེན་གྱི་འབྲེལ་ཡོད་འགན་ནུས་སྡེ་ཁག་གི་འགན་འཁུར་བ་གདན་དྲངས་ནས། མིག་སྔའི་མཚོ་སྔོན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་གནས་ཚུལ་གསར་ཤོས་དང་སྡེ་ཁག་མང་པོས་ཁེ་ལས་ཀྱི་ལས་ཀ་ཐོན་སྐྱེད་སླར་གསོའི་བྱ་བ་དང་དཔྱིད་ཀའི་ཞིང་ལས་རྨོ་འདེབས་ཀྱི་གྲ་སྒྲིག་ལ་རྒྱབ་སྐྱོར་བྱས་པའི་གནས་ཚུལ་བསྒྲགས་ནས། སྤྱི་དམངས་ཀྱིས་རིམས་ནད་སྔོན་འགོག་ཚོད་འཛིན་ཐག་གཅོད་ཀྱི་འབྲེལ་ཡོད་ལས་དོན་ལ་དོ་ཁུར་བྱས་པར་ལན་གསལ་བོ་བཏབ།
ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་ཡི་རྒྱུན་ལས་པུའུ་ཀྲང་གཞོན་པ། ཞིང་ཆེན་རིམས་ནད་སྔོན་འགོག་ཚོད་འཛིན་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ཡི་དྲིལ་སྒྲོག་ཚན་ཁག་གི་ཚན་གཙོ་ཝང་ཀྲི་མེན་གྱིས་གྲོས་ཚོགས་ལ་འགོ་འཛིན་བྱས།
གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་ཐོག་ནས་ཞིང་ཆེན་རིམས་ནད་སྔོན་འགོག་ཚོད་འཛིན་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་གཞུང་སྒྲུབ་ཁང་གི་ཀྲུའུ་རིན། ཞིང་ཆེན་འཕྲོད་བསྟེན་དང་བདེ་ཐང་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝུའུ་ཅེ་ཡིས། མིག་སྔའི་མཚོ་སྔོན་ཞིང་ཆེན་གྱི་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་གནས་ཚུལ་གསར་ཤོས་ཁྱབ་བསྒྲགས་བྱས། ཁོ་མོས་ངོ་སྤྲོད་བྱས་པ་ལྟར་ན། ཟླ་དང་པོའི་ཚེས་ཉེར་ལྔ་ཉིན། ཞིང་ཆེན་ཡོངས་སུ་ཐོལ་བྱུང་གི་སྤྱི་པའི་འཕྲོད་བསྟེན་དོན་རྐྱེན་ཚབས་ཆེན་གྱི་རིམ་པ་དང་པོའི་འབོད་སྐུལ་དང་ལེན་བྱེད་འགོ་བརྩམས་པ་ནས་བཟུང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་དང་ཧྲིན་ཀྲང་གི་བཀོད་འདོམས་འོག་ཏུ། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་འགན་འཁྲི་གཙང་སྒྲུབ་དང་ཚོད་འཛིན་ནན་མོ་བྱས་ནས། སྡེ་ཁག་སོ་སོས་འགན་འཁྲི་ནན་འཁུར་དང་མཐུན་སྦྱོར་གཞོགས་འདེགས་བྱས་ཏེ། ནུས་ལྡན་དང་གོ་རིམ་ལྡན་པའི་སྒོ་ནས་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་སྤེལ་ཡོད། ཁ་སང་སྔ་དྲོར་ཆེས་མཇུག་མཐའི་ནད་པ་གཉིས་སྨན་བཅོས་བྱས་ནས་སྨན་ཁང་ལས་ཕྱིར་བུད་པ་དང་བསྟུན་ནས། མཚོ་སྔོན་ཞིང་ཆེན་གྱི་ད་ཡོད་ནད་པ་བཅོ་བརྒྱད་པོ་ཚང་མ་དྲག་སྐྱེད་བྱུང་ནས། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་མེད་པར་བཟོ་བ་གསུམ་གྱི་དམིགས་འབེན་མངོན་འགྱུར་བྱུང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་གཏན་འཁེལ་བྱས་པའི་ནད་པ་གཅིག་ཀྱང་མ་ཤི་བ་དང་སྨན་བཅོས་མི་སྣ་གཅིག་ལའང་རིམས་ནད་མ་འགོས་པའི་དམིགས་ཚད་ཕུན་སུམ་ཚོགས་པོའི་ངང་ཡོངས་འགྲུབ་བྱས་ནས། རིམས་ནད་འགོག་བཅོས་ཐད་དུས་མཚམས་རང་བཞིན་གྱི་རྒྱལ་ཁ་ཐོབ་ཡོད། སྨན་བཅོས་སྲོག་སྐྱོབ་ཐད་དུ་ཞིང་ཆེན་རིམ་པའི་སྨན་བཅོས་འཕྲོད་བསྟེན་མ་ལག་གིས་མཉམ་དུ་དམག་འཐབ་བྱས་པ་དང་རིག་ཚན་དུ་མའི་སྨན་བཅོས་སྲོག་སྐྱོབ་ཆེད་མཁས་པས་བབ་བརླིང་ངང་ཁ་གཏད་འཇལ་ལ། གནས་གཏན་འཁེལ་སྨན་ཁང་གི་སྨན་བཅོས་མི་སྣས་ཉིན་མཚན་རིས་མེད་དུ་འབད་འཐབ་བྱས་ཡོད། མིག་སྔར་མཚོ་སྔོན་ཞིང་ཆེན་ལ་རིམས་ནད་འགོག་བཅོས་ཀྱི་དུས་རིམ་རང་བཞིན་གྱི་རྒྱལ་ཁ་ཐོབ་མོད། འོན་ཀྱང་ཧུའུ་པེ་སོགས་གཙོ་གནད་ས་ཁུལ་གྱི་རིམས་ནད་གནས་བབ་སྔར་བཞིན་ཛ་དྲག་ཡིན་པ་དང་། མཐའ་འཁོར་ཞིང་ཆེན་གྱི་རིམས་ནད་སྔར་བཞིན་རྒྱུན་མཐུད་ཡིན་པས། སྣང་མེད་ལྷོད་གཡེང་གཏན་ནས་བྱེད་མི་རུང་། ཚང་མས་ངེས་པར་དུ་ཚད་མཐོའི་ཡིད་གཟབ་དོགས་ཟོན་རྒྱུན་འཁྱོངས་དང་། མི་མང་འདུས་སར་གང་ཐུབ་ཀྱིས་མི་འགྲོ་བ། འདུ་འཛོམས་མི་བྱེད་པ་བཅས་ལ་མཉམ་འཇོག་བྱེད་དགོས་ཟེར།
མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་དང་བདེ་ཐང་ལྟ་སྐུལ་ཚོད་འཛིན་ཅུའུ་ཡི་ཅུའུ་ཀྲང་ཀྲུའུ་ཙིན་ཧུང་གིས་ས་ཁུལ་དང་རིམ་པ་དགར་ནས་ལས་ཀ་དང་ ཐོན་སྐྱེད་སླར་གསོ་དང་དཔྱིད་ཀའི་ཞིང་ལས་རྨོ་འདེབས། རིམས་ནད་སྔོན་འགོག་ཚོད་འཛིན་བཅས་ཀྱི་ལས་དོན་བཟང་བོར་བསྒྲུབས་པའི་སྐོར་གྱི་གནད་ཚུལ་ཁྱབ་བསྒྲགས་བྱས། ཁོས་ངོ་སྤྲོད་བྱས་པ་ལྟར་ན། མཚོ་སྔོན་ཞིང་ཆེན་གྱིས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་དགོས་པའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་པ་དང་། རིམས་ནད་སྔོན་འགོག་ཚོད་འཛིན་སྐོར་གྱི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་བཅས་ཀྱི་ཇུས་ཆོད་བཀོད་སྒྲིག་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ། ནུས་ཤུགས་ཡོད་རྒུས་ཚན་རིག་དང་མཐུན་པའི་སྔོན་འགོག་ཚོད་འཛིན་ཡག་པོ་བྱས་པ་དང་མཉམ་དུ། ལས་ཀ་སླར་གསོ་དང་རོང་འབྲོག་ལས་ཐོན་སྐྱེད་ལ་སྐུལ་འདེད་བརྟན་པོ་བཏང་བ་དང་། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་ནུས་ཤུགས་ཡོད་རྒུས་འགན་ལེན་བྱས་ཡོད། ཞིང་ཆེན་ཡོངས་ཀྱི་འཕྲོད་བསྟེན་དང་བདེ་ཐང་སྡེ་ཁག་གིས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་མཛུབ་ཁྲིད་ཕྱོགས་ཡོངས་ནས་ཡག་པོར་བསྒྲུབས་པ་དང་། ཚན་རིག་དང་མཐུན་པའི་སྒོ་ནས་ཐོན་སྐྱེད་སླར་གསོའི་མི་སྣར་རིགས་དབྱེ་དོ་དམ་བྱ་རྒྱུར་མཛུབ་ཁྲིད་བྱས་ཡོད། དམིགས་སའི་རང་བཞིན་ལྡན་པའི་སྒོ་ནས་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་ཐབས་ལ་ཤུགས་བསྣན་ནས། གཞིས་ཁུལ་དང་གྲོང་གསེབ་ཀྱི་སྔོན་འགོག་ཚོད་འཛིན་ལས་དོན་ཏན་ཏིག་ངང་ཡག་པོར་བསྒྲུབས་ཟེར།
ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིན་གྱི་ཐིན་ཀྲང་གཞོན་པ་མཱ་ཀྲུང་ཡུན་གྱིས་གཞུང་ལམ་དྲ་རྒྱའི་འཁོར་རྒྱུག་ཤར་གཏོང་ལས་དོན་དང་སྐྱེལ་འདྲེན་ཞབས་ཞུ་སླར་གསོའི་ལས་དོན། འགྲིམ་འགྲུལ་གཙོ་གནད་ལས་གཞིའི་ལས་འགོ་བསྐྱར་འཛུགས་ལ་གྲ་སྒྲིག་བྱེད་པ་བཅས་ཕྱོགས་གསུམ་གྱི་ཐད་ནས། འགྲིམ་འགྲུལ་སྐྱེལ་འདྲེན་གྱི་སྒྲིག་ལམ་གོ་རིམ་ལྡན་པའི་ངང་སླར་གསོ་བྱས་ནས་འགྲིམ་འགྲུལ་གཙོ་གནད་ལས་གཞིའི་ལས་འགོ་བསྐྱར་རྩོམ་གནས་ཚུལ་ཁྱབ་བསྒྲགས་བྱས། ཁོས་ངོ་སྤྲོས་བྱས་པ་ལྟར་ན། འགྲིམ་འགྲུལ་སྐྱེལ་འདྲེན་སྡེ་ཁག་གིས་གཙོ་གནད་མངོན་གསལ་དོད་པ་དང་། གཅིག་གྱུར་འཆར་འགོད་དང་ཕྱོགས་ཡོངས་ལ་ལྟ་རྟོག་བྱེད་པ། རིགས་དབྱེ་མཛུབ་ཁྲིད་བྱེད་པ། ས་ཁུལ་བགར་ནས་སྲིད་ཇུས་ལག་བསྟར་བྱེད་པ་བཅས་ཀྱི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ། སྤྱི་བདེ་དང་འཕྲོད་བསྟེན་བདེ་ཐང་སྡེ་ཁག ས་གནས་སྲིད་གཞུང་བཅས་ལ་གཞོགས་འདེགས་བྱས་ནས། མཚོ་སྔོན་ཞིང་ཆེན་གྱི་གཞུང་ལམ་འགྲམ་རྒྱུད་ཀྱི་རིམས་འགོག་ཞིབ་དཔྱད་ས་ཚིགས་ཁྲིམས་ལྟར་ཚད་ལྡན་ངང་བཙུགས་ཏེ། མི་སྣ་དང་རླངས་འཁོར་ཤར་གཏོང་ཐུབ་པ་དང་དངོས་ཟོག་གལ་ཆེན་སྐྱེལ་འདྲེན་ཤར་གཏོང་ཐུབ་རྒྱུའི་ཐད་འགན་ལེན་ནུས་ལྡན་བྱས་ཡོད། བགྲོད་ལམ་འགྲུལ་སྐྱེལ་ས་ཚིགས་ཀྱི་དུག་སེལ་དང་འགྲིམ་འགྲུལ་སྐྱེལ་འདྲེན་ཡོ་བྱད་ཀྱི་དུག་སེལ་བྱ་བ་དང་། གྲོང་ཁྱེར་དབར་དང་རྫོང་དབར་གྱི་ངེས་གཏནན་གཞུང་ལམ་གྱི་འགྲུལ་སྐྱེལ། རླངས་འཁོར་གླས་ནས་འགྲུལ་སྐྱེལ་བྱེད་ཚད་བཅས་བརྒྱ་ཆའི་ལྔ་བཅུའི་མན་དུ་ཚོད་འཛིན་བྱེད་པ་སོགས་ཀྱི་སྔོན་འགོག་ཚོད་འཛིན་བྱ་ཐབས་དོན་འཁྱོལ་ཡག་པོ་བྱས་པའི་སྔོན་འགྲོའི་ཆ་རྐྱེན་འོག་ནས། གཞུང་ལམ་སྐྱེལ་འདྲེན་ཞབས་ཞུ་གོ་རིམ་ལྡན་པའི་ངང་སླར་གསོ་བྱས་ཡོད། མཚོ་སྔོན་ཞིང་ཆེན་གྱི་འགྲིམ་འགྲུལ་འཛུགས་སྐྲུན་ལས་གཞི་ལས་ཡུལ་གྱི་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཕྱོགས་སྟོན་ཞེས་པ་སྔ་སྣུར་གྱིས་ཞིབ་འཇུག་བྱས་ནས་བཟོས་ཏེ། ལས་འགོ་བསྐྱར་རྩོམ་གྱི་གྲ་སྒྲིག་བྱ་བ་དང་ལས་གནས་སུ་ཕྱིག་ལོག་བཞིན་པའི་མིའི་སྐྱེལ་འདྲེན་རྩ་འཛུགས་ལས་དོན་ཧུར་ཐག་གིས་བསྒྲུབས་པ་དང་། བཟོ་སྐྲུན་འཛུགས་སྐྲུན་དོ་དམ་དང་སྤུས་ཚད་བདེ་འཇགས་ལྟ་སྐུལ་ལ་ཤུགས་བསྣན་ནས། རིམས་ནད་ལ་བདེ་འཇགས་ཀྱིས་ཚོད་འཛིན་ཐུབ་པའི་སྔོན་འགྲོའི་ཆ་རྐྱེན་འོག་ཏུ། གཞུང་ལམ་འཛུགས་སྐྲུན་ལས་གཞིའི་ལས་འགོ་བསྐྱར་རྩོམ་བྱ་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ཡོད་ཟེར།
མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་གྱི་ཐིན་ཀྲང་གཞོན་པ་མའོ་ཅང་མེན་གྱིས། སྤྱི་ཚོགས་ཀྱི་ལས་ཞུགས་བརྟན་པོ་ཡོང་བར་བྱས་པ་དང་། ཁེ་ལས་དང་ཐོན་སྐྱེད་སླར་གསོའི་བྱ་བར་རྒྱབ་སྐྱོར་བྱས་པའི་གནས་ཚུལ་ཁྱབ་བསྒྲགས་བྱས། ཁོས་ངོ་སྤྲོད་བྱས་པ་ལྟར་ན། ཞིང་ཆེན་ཡོངས་ཀྱི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་མ་ལག་གིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ། ཁེ་ལས་ཀྱི་ལས་མི་བཀོལ་སྤྱོད་བྱ་བར་འགན་ལེན་དང་ཁེ་ལས་ཀྱི་ཁུར་པོ་ཇེ་ཡང་དུ་གཏོང་བ། ངལ་རྩོལ་འབྲེལ་བ་བརྟན་པོ་ཡོང་བ་སོགས་ཀྱི་ཐད་སེམས་ནུས་ཡོད་རྒུ་བཏོན་པ་དང་གནད་འཁེལ་ཇུས་འདོན་བྱས་ནས། ཁེ་ལས་དཀའ་གནད་ལས་སྒྲོལ་རྒྱུར་རོགས་རམ་ཏན་ཏིག་བྱས་ཡོད། དབྱེ་ཞིབ་ལྟ་ཞིབ་ཚད་ལེན་དང་དུས་བབ་ཞིབ་འཇུག་བརྡར་གཅོད་ལ་ཤུགས་བསྣན་ནས་སྲིད་ཇུས་ཀྱི་འདེགས་སྐྱོར་ལ་ཤུགས་བསྣན་པ་དང་། ཁེ་ལས་ཀྱི་ཞིབ་བཤེར་རྟོག་ཞིབ་གཏིང་ཟབ་བྱས་ནས་དྲ་ཐོག་གི་གདན་ཞུའི་ལས་སྟེགས་བསྐྲུན་པ། ལས་གནས་ཀྱི་ཆ་འཕྲིན་གནད་འཁེལ་ཁྱབ་གདལ་དུ་བཏང་ནས་ལས་བཟོ་བ་ལས་གནས་སུ་ཕྱིར་ལོག་བྱ་རྒྱུར་སྒྲིག་འཛུགས་དང་ཁྲིད་སྟོན་བྱས་ལ། རིགས་སོ་སོའི་ཐོན་ཁུངས་བེད་སྤྱོད་གང་ལེགས་བྱས་ཏེ་དྲ་ཐོག་ལས་རིགས་རྩལ་ནུས་གསོ་སྦྱོང་ཤུགས་ཆེན་བྱས་པ་དང་། གཅིག་གྱུར་འཆར་འགོད་དང་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་བཏང་ནས། ཆུ་ཚོད་ཉེར་བཞི་ཡི་གཙོ་གནད་ཁེ་ལས་ཀྱི་ལས་མི་བཀོལ་སྤྱོད་བཀོད་གཏོང་འགན་ལེན་ལམ་སྲོལ་བཙུགས། ཐབས་མང་མཉམ་སྤྱོད་ཀྱིས་ཁེ་ལས་ཀྱི་ལས་མི་བཀོལ་སྤྱོད་བྱ་བར་འགན་ལེན་བྱས་པ་དང་། ཕྱོགས་བསྡུས་ཇུས་འདོན་གྱིས་ལས་ཞུགས་ལས་གནས་ཇེ་བརྟན་དུ་བཏང་ནས། ངལ་རྩོལ་གྱི་འབྲེལ་བ་བརྟན་པོའི་ངང་ཐག་གཅོད་བྱས་ཟེར།
ཞིང་ཆེན་སྡོད་ཁང་དང་མཁར་གྲོང་འཛུགས་སྐྲུན་ཐིན་གྱི་ཐིན་ཀྲང་གཞོན་པ་ཧྲི་ཅིན་གྱིས་སྡོད་ཁང་སྤྱི་གསོག་མ་དངུལ་གྱི་རྒྱབ་སྐྱོར་སྲིད་ཇུས་དང་དེ་བཞིན་ཨར་ལས་བཟོ་སྐྲུན་དང་ཁེ་ལས་ལ་སྐུལ་འདེད་བཏང་བའི་སྐོར་གྱི་གནས་ཚུལ་ཁྱབ་བསྒྲགས་བྱས། ཁོས་ངོ་སྤྲོད་བྱས་པ་ལྟར་ན། སྡོད་ཁང་སྤྱི་གསོག་མ་དངུལ་གྱི་རྒྱབ་སྐྱོར་སྲིད་ཇུས་ཐད། རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་རིང་ཞིང་ཆེན་ཡོངས་ཀྱི་སྡོད་ཁང་སྤྱི་གསོག་མ་དངུལ་ལས་རིགས་ཀྱི་འབྲེལ་ཡོད་ལས་དོན་ཡག་པོར་བསྒྲུབ་རྒྱུའི་སྐོར་གྱི་བརྡ་ཐོ་ཞེས་པ་དུས་ཐོག་ཏུ་པར་འགྲེམས་བྱས་ཏེ། རྒྱལ་ཁབ་དང་མཚོ་སྔོན་གྱི་སྡོད་ཁང་སྤྱི་གསོག་མ་དངུལ་གྱི་དུས་མཚམས་རང་བཞིན་གྱི་རྒྱབ་སྐྱོར་སྲིད་ཇུས་ལག་བསྟར་དོན་འཁྱོལ་ནན་ཏན་བྱས། མ་འོངས་པར་ཞབས་ཞུའི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་བ་དང་། ལས་སྒོ་སྒྲུབ་གཉེར་གྱི་བརྒྱུད་རིམ་སྔར་ལས་ཇེ་ལེགས་སུ་གཏོང་བ། ཞིབ་བཤེར་མཆན་འགོད་བདག་སྤྲོད་བྱེད་ཤུགས་ཇེ་མགྱོགས་སུ་གཏོང་བ། ཁེ་ལས་ཀྱི་མ་དངུལ་གནོན་ཤུགས་ཆུང་དུ་གཏོང་བ་བཅས་བྱས་ནས། ལས་བཟོ་བའི་ཁྲིམས་མཐུན་ཁེ་དབང་ལ་འགན་ལེན་བྱ་རྒྱུ་ཡིན། ཨར་ལས་བཟོ་སྐྲུན་ལས་གཞིའི་ལས་འགོ་བསྐྱར་འཛུགས་དང་ལས་སྒྲུབ་བརྒྱུད་རིམ་ཇེ་ལེགས་སུ་གཏོང་བ། བཟོ་སྐྲུན་གྱི་རིན་གོང་རྩིས་རྒྱག་ལེགས་སྒྲིག་སྲིད་ཇུས་ཁ་གསལ་བཟོ་བ། ལས་ཀ་སྒྲུབ་ཡུལ་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་ལ་ཤུགས་སྣོན་པ་བཅས་ལ་འབད་དགོས། མ་འོངས་པར་སྲིད་ཇུས་དང་བྱ་ཐབས་དོན་འཁྱོལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ལས་གཞི་འཕེལ་རིམ་གྱི་འགུལ་རྣམ་ལྟ་ཞིབ་ཚད་ལེན་ལ་ཤུགས་སྣོན་པ། མཐུན་སྦྱོར་ཞབས་ཞུ་ཧུར་ཐག་གིས་སྒྲུབ་པ། ལས་ཀ་སླར་གསོ་བྱེད་སྐབས་འཕྲད་པའི་དཀའ་ངལ་དང་གནད་དོན་དུས་ཐོག་ཏུ་ཐག་གཅོད་བཅས་བྱས་ཏེ། བདེ་འཇགས་ཐོན་སྐྱེད་འགན་ལེན་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་ཨར་ལས་བཟོ་སྐྲུན་ལས་གཞིའི་ལས་འགོ་བསྐྱར་རྩོམ་བྱ་རྒྱུར་སྐུལ་འདེད་གཏོང་དགོས་ཟེར།
མཚོ་སྔོན་ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན་གྱི་ཐིན་ཀྲང་གཞོན་པ་ཀུང་ཨའེ་ཆི་ཡིས། རིམས་འགོག་གནས་ཚུལ་དང་དཔྱིད་ཀའི་ཞིང་འདེབས་བྱ་བ་དམ་འཛིན་བྱས་ནས། ཞིང་ཆེན་ཡོངས་ཀྱི་ཞིང་ལས་ཐོན་སྐྱེད་བརྟན་པོའི་ངང་སླར་གསོ་ཡོང་བར་སྐུལ་འདེད་ཧུར་ཐག་བཏང་བའི་སྐོར་གྱི་གནས་ཚུལ་ཁྱབ་བསྒྲགས་བྱས། ཁོས་ངོ་སྤྲོད་བྱས་པ་ལྟར་ན། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཞིང་ལས་དང་ཞིང་སྡེ་སྡེ་ཁག་གིས་ཐབས་མང་མཉམ་སྤྱོད་སྒོས། ཕྱོགས་གཅིག་ནས་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ལ་དམ་འཛིན་ཏན་ཏིག་བྱས་པ་དང་ཕྱོགས་གཞན་ཞིག་ནས་དཔྱིད་ཀའི་ཞིང་ལས་རྨོ་འདེབས་བྱ་བར་གྲ་སྒྲིག་འཐུས་ཚང་བྱས་གཏེ། ཤ་ཚལ་སྒོང་གསུམ་གྱི་ཐོན་ཚད་བརྟན་པོ་དང་དེའི་མཁོ་སྤྲོད་ལ་འགན་ལེན། སྲོག་ཆགས་ཀྱི་རིམས་ནད་ཚབས་ཆེན་སྔོན་འགོག་ཚོད་འཛིན་སོགས་གཙོ་བོར་བྱས་པའི་དཔྱིད་དུས་ཀྱི་ཞིང་ལས་དང་འབྲོག་ལས་ཐོན་སྐྱེད་དམ་འཛིན་བྱེད་ཀྱིན་ཡོད། མིག་སྔར་ཞིང་སྤྱོད་དངོས་རྫས་སྣ་ཚོགས་འདང་ངེས་ཡོད་པ་དང་། རྨོ་འདེབས་ཐོན་སྐྱེད་གོ་རིམ་ལྡན་པ། མེན་ཧི་རྫོང་དང་གཅན་ཚ། ཁྲི་ཀ ལི་ཏུའུ་སོགས་ས་ཁུལ་ནས་དཔྱིད་ཀའི་ཞིང་ལས་རྨོ་འདེབས་བྱ་བ་གཅིག་རྗེས་གཉིས་མཐུད་ངང་སྤེལ་བ་ལས་གཞན། འབྲོག་ཁུལ་དུ་ལུ་གུ་སྐྱེ་ལེན་གསོ་སྐྱོང་དང་། གནོད་འཚེ་སྔོན་འགོག་དང་ཉུང་གཏོང་སོགས་ཀྱི་ལས་ཀའི་འཕེལ་རིམ་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད། མ་འོངས་པར་རིམས་ནད་སྔོན་འགོག་ཚོད་འཛིན་དམ་འཛིན་ཡག་པོ་བྱེད་པའི་རྨང་གཞིའི་སྟེང་། ཞིང་ལས་བྱེད་སྒོ་དང་ཁྱད་པར་ཅན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་དོན་འཁྱོལ་བྱེད་པའི་བླང་བྱ་གཞིར་བཟུང་ནས། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཡིག་ཆ་ཨང་དང་པོའི་དགོངས་དོན་ལག་བསྟར་ནན་ཏན་བྱེད་པ་དང་། ས་ཁུལ་དང་རིམ་པ་དགར་ནས་རོང་འབྲོག་ཁུལ་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་ལ་སྐུལ་འདེད་གཏོང་བ། ཞིང་ལས་འཐུས་ཤོར་མི་འགྲོ་བའི་ཆེད་དུ་དཔྱིད་ཀའི་ཞིང་ལས་རྨོ་འདེབས་བྱ་བར་དམ་འཛིན་ཡག་པོ་བྱེད་པ། ལག་རྩལ་མཛུབ་ཁྲིད་ཞབས་ཞུ་ཤུགས་ཆེན་བྱེད་པ་བཅས་བྱས་ནས། ཞིང་འབྲོག་ཁེ་ལས་ཕྱོགས་ཡོངས་ནས་སླར་གསོ་བྱས་ཏེ་ཐོན་སྐྱེད་སླར་གསོ་ བྱ་རྒྱུར་ཁྲིད་སྟོན་གང་ལེགས་བྱེད་རྒྱུ་ཡིན་ཟེར།