ཏོག་གསར་གློ་ཚད་ཀྱི་རིམས་ནད་འགོག་བཅོས་ཚོད་འཛིན་ལ་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་གཏོང་བ་དང་དཔལ་འབྱོར་སྤྱི་ཚོགས་ཀྱི་འཕེལ་རྒྱས་བྱ་བར་བཀོད་སྒྲིག་བྱེད་པའི་གྲོས་ཚོགས་པེ་ཅིན་ནས་ཚོགས།
2020.02.24 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 460

ཟླ་གཉིས་པའི་ཚེས་ཉེར་གསུམ་ཉིན། ཏོག་གསར་གློ་ཚད་ཀྱི་རིམས་ནད་འགོག་བཅོས་ཚོད་འཛིན་ལ་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་གཏོང་བ་དང་དཔལ་འབྱོར་སྤྱི་ཚོགས་ཀྱི་འཕེལ་རྒྱས་བྱ་བར་བཀོད་སྒྲིག་བྱེད་པའི་གྲོས་ཚོགས་པེ་ཅིན་ནས་ཚོགས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གྲོས་ཚོགས་ལ་ཞུགས་པར་མ་ཟད་གསུང་བཤད་གལ་ཆེན་གནང་།

ཟླ་གཉིས་པའི་ཚེས་ཉེར་གསུམ་ཉིན། ཏོག་གསར་གློ་ཚད་ཀྱི་རིམས་ནད་འགོག་བཅོས་ཚོད་འཛིན་ལ་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་གཏོང་བ་དང་དཔལ་འབྱོར་སྤྱི་ཚོགས་ཀྱི་འཕེལ་རྒྱས་བྱ་བར་བཀོད་སྒྲིག་བྱེད་པའི་གྲོས་ཚོགས་པེ་ཅིན་ནས་ཚོགས། ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་ཞི་ཅིན་ཕིང་དང་ལིས་ཁི་ཆང་། ལིས་ཀྲན་ཧྲུའུ། ཝང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལི་ཅི། ཧན་ཀྲིན་བཅས་གྲོས་ཚོགས་ལ་ཞུགས།

ཏོག་གསར་གློ་ཚད་ཀྱི་རིམས་ནད་འགོག་བཅོས་ཚོད་འཛིན་ལ་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་གཏོང་བ་དང་དཔལ་འབྱོར་སྤྱི་ཚོགས་ཀྱི་འཕེལ་རྒྱས་བྱ་བར་བཀོད་སྒྲིག་བྱེད་པའི་གྲོས་ཚོགས་ཚེས་ཉེར་གསུམ་ཉིན་པེ་ཅིན་ནས་འཚོགས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གྲོས་ཚོགས་ལ་ཞུགས་པར་མ་ཟད་གསུང་བཤད་གལ་ཆེན་གནང་།

ཁོང་གིས་བསྟན་དོན། ཀྲུང་ཧྭ་མི་རིགས་ནི་ལོ་རྒྱུས་སྟེང་དུ་དཀའ་ཁག་གང་མང་ལ་འཕྲད་མྱོང་མོད། འོན་ཀྱང་དུས་ནམ་ཡང་གནོན་ཤུགས་ཀྱི་འོག་ནས་ཉམས་རྒུད་དུ་སོང་མྱོང་མེད་ལ། དེ་ལས་ལྡོག་སྟེ་ཕམ་ཉེས་ཇི་ཙམ་བྱུང་ན་དེ་ཙམ་གྱིས་ཞུམ་པ་མེད་པ་དང་། རྒྱུན་ཆད་མེད་པར་དཀའ་ཁག་གི་ཁྲོད་དུ་འཚར་ལོངས་བྱུང་བ་དང་དཀའ་ཁག་གི་ཁྲོད་དུ་འབད་འཐབ་བྱས་ནས་ཡོང་བ་ཡིན། མིག་སྔར་རིམས་ནད་ཀྱི་གནས་ཚུལ་སྔར་བཞིན་ཛ་དྲག་རྙོག་འཛིང་ཆེ་བ་དང་འགོག་སྲུང་ཚོད་འཛིན་གྱི་བྱ་བ་དེ་ཆེས་གནད་འགག་གི་དུས་རིམ་དུ་སླེབས་ཡོད། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་ངེས་པར་དུ་རྒྱལ་ཁ་ལེན་པའི་ཡིད་ཆེས་བརྟན་པོ་འཛུགས་པ་དང་། ཨམ་གཙིགས་བསྡམས་ནས་ལྷོད་གཡེང་སྤུ་ཙམ་ཡང་མེད་པར་འགོག་བཅོས་ཚོད་འཛིན་གྱི་བྱ་བ་སྣ་ཚོགས་དམ་འཛིན་དང་དངོས་འཛིན། ཞིབ་འཛིན་བཅས་བྱེད་དགོས། གནོན་ཤུགས་སྒུལ་ཤུགས་སུ་བརྩི་མཁས་པར་བྱས་ཏེ། ཐོན་སྐྱེད་འཚོ་བ་གོ་རིམ་ལྡན་པའི་སྒོ་ནས་སླར་གསོ་བྱེད་དགོས། གཏན་འཇགས་དྲུག་གི་བྱེད་ཐབས་ལ་ཤུགས་བསྣན་ནས་སྲིད་ཇུས་ཀྱིས་སྙོམས་སྒྲིག་བྱེད་པའི་ཤུགས་ཚད་ཇེ་ཆེར་གཏོང་བ་དང་། རང་རྒྱལ་གྱི་འཕེལ་རྒྱས་ཀྱི་སྦས་ཤུགས་ཆེན་པོ་དང་སྟོབས་དང་ལྡན་པའི་སྒུལ་ཤུགས་དྲག་པོ་གང་ལེགས་ཀྱིས་ཕྱིར་བཏོན་ཏེ། ད་ལོའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་འབེན་མངོན་འགྱུར་བྱེད་པར་འབད་བརྩོན་བྱེད་དགོས་ཟེར།

ཞི་ཅིན་ཕིང་གིས་ཏང་ཀྲུང་དབྱང་གི་ཚབ་མཛད་དེ་རྒྱལ་ཡོངས་ཀྱི་རྒྱ་ཆེ་བའི་ཏང་ཡོན་དང་ལས་བྱེད་པ། མང་ཚོགས། ལྷག་པར་དུ་ཧུའུ་པེ་དང་ཝུའུ་ཧན་གྱི་རྒྱ་ཆེ་བའི་ཏང་ཡོན་དང་ལས་བྱེད་པ། མང་ཚོགས་བཅས་ལ་སེམས་གཏིང་ནས་འཚམས་འདྲི་དང་། རིམས་ནད་འགོག་སྲུང་ཚོད་འཛིན་གྱི་འཐབ་ཕྱོགས་དང་པོར་འབད་འཐབ་བྱེད་བཞིན་པའི་རྒྱ་ཆེ་བའི་སྨན་བཅོས་ལས་དོན་པ་དང་མི་དམངས་བཅིངས་འགྲོལ་དམག་གི་བཀོད་འཐབ་པ། འཐབ་ཕྱོགས་སོ་སོའི་སྟེང་གི་བློ་མཐུན་ཡོངས་ལ་བླ་ན་མེད་པའི་གུས་འདུད་ཞུས་ལ། ཞང་ཀང་དང་ཨོ་མོན། ཐེ་ཝན་སྤུན་ཟླ་དང་ཕྱི་སྡོད་སྤུན་ཟླ་བཅས་ལ་སེམས་ཁོངས་ནས་བཀའ་དྲིན་དང་། རང་རྒྱལ་གྱི་རིམས་ནད་འགོག་བཅོས་ཚོད་འཛིན་གྱི་བྱ་བའི་ཐད་ལ་རྒྱབ་སྐྱོར་སྣ་ཚོགས་འདོན་མཁན་གྱི་རྒྱལ་ཁབ་དང་རྒྱལ་སྤྱིའི་རྩ་འཛུགས། མཛའ་མཐུན་མི་སྣ་བཅས་ལ་སྙིང་ཐག་པ་ནས་བཀའ་དྲིན་ཞུས་པར་མ་ཟད། རིམས་ནད་འགོག་བཅོས་བྱེད་པའི་ཁྲོད་དུ་སྟབས་མ་ལེགས་པར་རྐྱེན་ལམ་དུ་ཤོར་བའི་བློ་མཐུན་དང་རང་སྲོག་ཤོར་བའི་སྨན་བཅོས་མི་སྣར་གདུང་སེམས་ཆེན་པོས་མྱ་ངན་དང་། ད་ལྟ་ད་དུང་ནད་གདོན་དང་འཐབ་རྩོད་བྱེད་བཞིན་པའི་ནད་པ་དང་ཁྱིམ་མི། ཚེ་འདས་ནད་པའི་ཁྱིམ་མི་ཡོངས་ལ་སེམས་གཏིང་ནས་འཚམས་འདྲི་ཞུས།

ལིས་ཁི་ཆང་གིས་གྲོས་ཚོགས་ལ་འགོ་འཛིན་མཛད་པ་དང་ལིས་ཀྲན་ཧྲུའུ་དང་ཝང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལི་ཅི། ཧན་ཀྲིན་བཅས་གྲོས་ཚོགས་ལ་ཞུགས།

ཞི་ཅིན་ཕིང་གིས་བསྟན་དོན། ཏོག་གསར་གློ་ཚད་ཀྱི་རིམས་ནད་བྱུང་རྗེས་ཏང་ཀྲུང་དབྱང་གིས་མཐོང་ཆེན་ཚད་མཐོན་པོ་བྱས་པར་མ་ཟད། མྱུར་དུ་བཀོད་སྒྲིག་གནང་སྟེ། རིམས་ནད་འགོག་བཅོས་ཚོད་འཛིན་གྱི་གཅིག་བསྡུས་གཅིག་གྱུར་འགོ་ཁྲིད་ལ་ཁྱོན་ཡོངས་ནས་ཤུགས་བསྣན་པ་དང་། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་། འབྲེལ་ཡོད་སྡེ་ཁག་བཅས་ཀྱིས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་ལུས་སེམས་བདེ་ཐང་ཨང་དང་པོར་བཞག་ནས། ནུས་ལྡན་གྱི་བྱེད་ཐབས་སྤྱད་དེ་རིམས་ནད་རྒྱ་ཡན་དུ་མཆེད་པའི་གནས་བབ་རྩ་བ་ནས་བཀག་འགོག་བྱེད་དགོས་པའི་རེ་བ་བཏོན། ཏང་ཀྲུང་དབྱང་གིས་དུས་དཔགས་བབ་བསྟུན་དང་ཕྱོགས་བསྡུས་ཞིབ་གཅོད་བྱས་ཏེ། དུས་ལྟར་ཡིད་ཆེས་ཆེར་བསྐྱེད་དང་དཀའ་ངལ་མཉམ་སེལ། ལུགས་མཐུན་འགོག་བཅོས། གནད་འཁེལ་ཇུས་བསྟར་བཅས་ཀྱི་སྤྱིའི་རེ་བ་བཏོན་པར་མ་ཟད། རིམས་ནད་འགོག་བཅོས་ཚོད་འཛིན་གྱི་འཐབ་ཇུས་ཇུས་གཞི་དུས་ལྟར་གཏན་འབེབ་བྱས་ནས། སྨན་བཅོས་ཀྱི་ཚད་དང་སྨན་བཅོས་བྱེད་ཐུབ་པའི་ཚད་ཇེ་མཐོར་བཏང་བ་དང་། རིམས་ནད་ཀྱི་འགོས་ཚད་དང་ནད་ཀྱིས་ཤི་ཚད་ཇེ་དམའ་རུ་གཏོང་རྒྱུ་དེ་འོས་འགན་གཙོ་བོར་འཛིན་པ། ཝུའུ་ཧན་དང་ཧུའུ་པེ་གཉིས་རྒྱལ་ཡོངས་ཀྱི་འཐབ་ར་གཙོ་བོར་བཟུང་ནས་གནས་དེའི་རིམས་འགོག་ལ་གཅིག་གྱུར་གྱིས་བཀོད་འདོམས་བྱེད་པར་ཤུགས་བསྣན་པ་དང་། ས་ཁུལ་གཞན་པའི་འགོག་སྲུང་ཚོད་འཛིན་བྱ་བར་གཅིག་གྱུར་འཆར་འགོད་ཀྱིས་དམ་འཛིན་བྱེད་པ། སྨན་བཀོལ་དངོས་རྫས་དང་འཚོ་བའི་ཉེར་མཁོའི་དངོས་རྫས་བྲེལ་མྱུར་མཁོ་སྤྲོད་བྱེད་པར་ཤུགས་སྣོན་པ། སྤྱི་ཚོགས་གཏན་འཇགས་ལ་སྲུང་སྐྱོབ་བཟང་བོ་བྱེད་པ། དྲིལ་སྒྲོག་སློབ་གསོ་དང་གླེང་ཕྱོགས་ཀྱི་ཁྲིད་སྟོན་ལ་ཤུགས་སྣོན་བྱས་ཏེ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་རྒྱབ་སྐྱོར་ཧུར་ཐག་གིས་བརྩོན་ལེན་བྱས་ཟེར།

ཞི་ཅིན་ཕིང་གིས་བསྟན་དོན། ཐེངས་འདིའི་ཛ་དྲག་ཆེ་བའི་འཐབ་འཛིང་གི་ཁྲོད་དུ་རིམ་པ་སོ་སོའི་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན། ལས་བྱེད་པ་སྔོན་ལ་གདོང་མཆོང་དང་འགྱུར་མེད་འབད་བརྩོན་བྱས་པ་དང་། རྒྱ་ཆེ་བའི་སྨན་བཅོས་བྱ་བ་སྒྲུབ་མཁན་གྱིས་བདེན་དོན་དུ་ཕྱིར་བཤོལ་མི་བྱེད་པ་དང་ཉིན་མཚད་མེད་པར་འབད་འཐབ་བྱས་པ། མི་དམངས་བཅིངས་འགྲོལ་དམག་གི་བཀོད་འཐབ་པས་བཀའ་ཐོས་འཕྲལ་འགུལ་དང་དམག་འཐབ་དྲག་པོ་བྱེད་ཕོད་པ། རྒྱ་ཆེའི་མི་དམངས་མང་ཚོགས་ཀྱིས་དམངས་སེམས་གཅིག་མཐུན་དང་སོ་སྲུང་རོགས་རེས་བྱས་པ། རྒྱ་ཆེའི་སྤྱི་བདེའི་མི་དམངས་ཉེན་རྟོག་པ་དང་ནད་ཡམས་ཚོད་འཛིན་གྱི་བྱ་བ་བྱེད་མཁན། སྡོད་ཁུལ་གྱི་ལས་བྱེད་མི་སྣ་སོགས་ཀྱིས་ཉིན་མཚན་མེད་པར་ལས་གནས་བརྟན་བསྲུང་བྱས་པ། རྒྱ་ཆེ་བའི་གསར་འགྱུར་བྱ་བ་སྒྲུབ་མཁན་གྱིས་ཉེན་ཁར་མི་འཛེམས་པར་འཐབ་ཕྱོགས་དང་པོར་ཞུགས་པ། རྒྱ་ཆེའི་དང་བླངས་པ་སོགས་ཀྱིས་ལྷག་བསམ་སྐྱེས་འབུལ་དང་ངལ་བ་ཁྱད་བསད་བྱས་པ། ཏང་དང་རྒྱལ་ཁབ་ཀྱི་འབྲེལ་ཡོད་སྡེ་ཁག་དང་དམངས་ཆེན། སྲིད་གྲོས་དང་བཅས་པའི་མི་དམངས་ཚོགས་པ་སོ་སོས་རང་འགུལ་གྱིས་འགན་ཁུར་བ། སྤྱི་ཚོགས་ཀྱི་ལས་རིགས་སོ་སོ་དང་། ཞང་ཀང་ཨོ་མོན་ཐེ་ཝན་སྤུན་ཟླ། ཕྱི་སྡོད་རང་མིའི་སྤུན་ཟླ་བཅས་ཀྱིས་གཅིག་རྗེས་གཉིས་མཐུད་དུ་ཞལ་འདེབས་ཕུལ་བ་བཅས་ཀྱིས་རིམས་ནད་འགོག་སྲུང་ཚོད་འཛིན་ཐད་ལ་བྱས་རྗེས་གལ་ཆེན་བཞག་ཡོད་ཟེར།

ཞི་ཅིན་ཕིང་གིས་བསྟན་དོན། ཐེངས་འདིའི་ཏོག་གསར་གློ་ཚད་རིམས་ནད་ནི་ཀྲུང་གོ་གསར་བ་དབུ་བརྙེས་པའི་ཚུན་ལ་རང་རེའི་རྒྱལ་ཁབ་ཏུ་བྱུང་བའི་ཁྱབ་སྤེལ་གྱི་འགྲོས་ཚད་ཆེས་མགྱོགས་པ་དང་འགོས་མཆེད་རང་བཞིན་ཆེས་ཆེ་བ། འགོག་སྲུང་དཀའ་ཁག་ཆེས་ཆེ་བའི་གློ་བུར་དུ་བྱུང་བའི་སྤྱི་བའི་འཕྲོད་བསྟེན་གྱི་དོན་རྐྱེན་ཆེན་པོ་ཞིག་ཡིན་ལ། དེ་ནི་ང་ཚོར་མཚོན་ན་ཉམས་ཉེན་དང་ཉམས་སེལ་ཆེན་པོ་ཞིག་ཡིན། དཀའ་སྤྱད་འབད་བརྩོན་བྱས་པ་བརྒྱུད་མིག་སྔར་རིམས་ནད་འགོག་བཅོས་ཚོད་འཛིན་གྱི་གནས་བབ་བཟང་ཕྱོགས་སུ་འཕེལ་རྒྱས་སུ་འགྲོ་བཞིན་ཡོད། ལག་ལེན་གྱིས་བདེན་དཔང་བྱས་པ་ལྟར་ན། ཏང་ཀྲུང་དབྱང་གིས་རིམས་ནད་ཀྱི་གནས་བབ་ལ་བརྡར་གཅོད་བྱས་པ་ཡང་དག་ཡིན་པ་དང་བྱ་བ་སྣ་ཚོགས་བཀོད་སྒྲིག་བྱས་པ་དུས་མཐུན་ཡིན་ལ། འགོག་བཅོས་ཚོད་འཛིན་ཕྱོགས་སུ་སྤྱད་པའི་བྱེད་ཐབས་ཤུགས་ཡོད་ནུས་ལྡན་ཡིན། འགོག་བཅོས་ཚོད་འཛིན་བྱ་བའི་ཐད་ནས་བླངས་པའི་གྲུབ་འབྲས་ཀྱིས་ཡང་བསྐྱར་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་སྟོབས་དགེ་མཚན་མངོན་མཚོན་བྱས་ཡོད་ཟེར།

ཞི་ཅིན་ཕིང་གིས་བསྟན་དོན། གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱེད་པ་དང་མཉམ་དུ་རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་ལྷོད་གཡེང་གི་བསམ་བློ་དང་དམག་འཐབ་བྱེད་འདོད་མེད་པའི་བསམ་ཚུལ། སྟེས་དབང་གི་བསམ་ཚུལ། བག་ཕེབས་ཀྱི་སེམས་ཁམས་བཅས་ལ་དོགས་ཟོན་མཐོར་འདེགས་བྱས་ཏེ། མུ་མཐུད་དུ་ལྷོད་གཡེང་སྤུ་ཙམ་ཡང་མེད་པའི་སྒོ་ནས་འགོག་བཅོས་ཚོད་འཛིན་གྱི་བྱ་བ་སྣ་ཚོགས་དམ་འཛིན་དངོས་འཛིན་ཞིབ་འཛིན་བྱས་ཏེ། ཆེས་མཐར་ཐུག་གི་རྒྱལ་ཁ་ཐོབ་པར་བྱེད་དགོས། ཞི་ཅིན་ཕིང་གིས་རེ་བ་བདུན་བཏོན། གཅིག བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་ཧུའུ་པེའི་སྲུང་སྐྱོབ་དམག་འཐབ་དང་ཝུའུ་ཧན་གྱི་སྲུང་སྐྱོབ་དམག་འཐབ་བཟང་བོར་རྒྱག་དགོས། གཉིས། པེ་ཅིན་གྱི་རིམས་ནད་འགོག་བཅོས་ཚོད་འཛིན་བྱ་བ་ཁྱོན་ཡོངས་ནས་ལེགས་པོར་སྒྲུབ་དགོས། གསུམ། སྨན་བཅོས་སྟོབས་ཤུགས་དང་དངོས་ཟོག་གལ་ཆེན་ཚན་རིག་ལྟར་སྒྲིག་སྦྱོར་བྱེད་དགོས། བཞི། ཚན་རྩལ་ཞིབ་འཇུག་གསར་སྤེལ་གྱི་འགག་སྒྲོལ་ཇེ་མགྱོགས་སུ་གཏོང་དགོས། ལྔ། རྒྱལ་སྤྱི་དང་ས་ཁུལ་བར་གྱི་མཉམ་ལས་རྒྱ་བསྐྱེད་དགོས། དྲུག གསར་འགྱུར་གླེང་ཕྱོགས་བྱ་བའི་ཕན་ནུས་རང་བཞིན་ཇེ་མཐོར་གཏོང་དགོས། བདུན། སྤྱི་ཚོགས་གཏན་འཇགས་ལ་སྲུང་སྐྱོང་གང་ལེགས་བཅས་བྱེད་དགོས་ཟེར།

ཞི་ཅིན་ཕིང་གིས་གསུངས་རྒྱུར། ཏོག་གསར་གློ་ཚད་རིམས་ནད་ཀྱིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་ལ་ཤུགས་རྐྱེན་ཐེབས་སྲིད་པ་གཡོལ་ཐབས་མེད། གནད་འགག་གི་དུས་སྐབས་སུ་ཁྱོན་ཡོངས་དང་རྩོད་སྒྲུབ། རྒྱང་རིང་ལ་དམིགས་ཏེ་རང་རྒྱལ་གྱི་འཕེལ་རྒྱས་ལ་ལྟ་ཚུལ་ཡང་དག་པ་འཛིན་དགོས་པ་དང་། ཡིད་ཆེས་སྔར་ལས་ཆེ་རུ་བསྐྱེད་པ་དང་ཆོད་སེམས་སྔར་ལས་ཇེ་བརྟན་ཏུ་གཏོང་དགོས། ཕྱོགས་བསྡུས་བྱས་ཏེ་བལྟས་ན། རང་རྒྱལ་གྱི་དཔལ་འབྱོར་ཡུན་རིང་དུ་བཟང་ཕྱོགས་སུ་འཕེལ་བའི་གཞི་རྩའི་རྣམ་པ་འགྱུར་མེད་ལ། རིམས་ནད་ཀྱིས་ཤུགས་རྐྱེན་ཐེབས་པ་གནས་སྐབས་ཙམ་ཡིན་པ་དང་དེ་ལ་ཚོད་འཛིན་བྱེད་ཐུབ་ཟེར། ཞི་ཅིན་ཕིང་གིས་གོ་རིམ་ལྡན་པའི་སྒོ་ནས་ལས་ཀ་དང་ཐོན་སྐྱེད་སྔར་གསོ་བྱེད་པའི་ཐད་ལ་རེ་བ་བརྒྱད་བཏོན། གཅིག ས་ཁུལ་དང་རིམ་པ་དགར་ཏེ་གནད་ལ་འཁེལ་བའི་ལས་ཀ་དང་ཐོན་སྐྱེད་སླར་གསོ་བྱེད་རྒྱུ་དངོས་འབེབས་བྱེད་དགོས། གཉིས། ཆེ་ཕྱོགས་སྲིད་ཇུས་ཀྱི་ལེགས་སྒྲིག་ཤུགས་ཚད་ཇེ་ཆེར་གཏོང་དགོས། གསུམ། ཁྱོན་ཡོངས་ནས་ལས་ཞུགས་བརྟན་འཇགས་བྱེད་ཐབས་ཇེ་དྲག་ཏུ་གཏོང་དགོས། བཞི། རྦད་ཆོད་སྒོས་དབུལ་ཐར་མཁྲེགས་གཏོར་ལས་འགན་ཡོངས་འགྲུབ་བྱེད་དགོས། ལྔ། ཁེ་ལས་ཀྱི་ལས་ཀ་དང་ཐོན་སྐྱེད་སླར་གསོ་བྱེད་པར་སྐུལ་འདེད་གཏོང་དགོས། དྲུག གོ་སྐབས་མ་ཤོར་བར་དཔྱིད་ཀའི་ཞིང་ལས་ཐོན་སྐྱེད་དམ་འཛིན་བྱེད་དགོས། བདུན། གཞི་རྩའི་དམངས་ཚིས་འགན་སྲུང་བྱེད་དགོས། བརྒྱད། ཕྱི་ཚོང་ཕྱི་དངུལ་གྱི་གཞི་རྩའི་བསམ་བཀོད་བརྟན་འཇགས་སུ་གཏོང་དགོས་ཟེར།

ཞི་ཅིན་ཕིང་གིས་གསུངས་རྒྱུར། ཐེངས་འདིའི་རིམས་ནད་འགོག་བཅོས་ཚོད་འཛིན་གྱི་མི་དམངས་དམག་འཐབ་དང་སྤྱིའི་དམག་འཐབ། འགོག་རྒོལ་དམག་འཐབ་བཅས་ལས་རྣམ་པར་རྒྱལ་དགོས་ན། ངེས་པར་དུ་ཏང་གིས་རིམས་ནད་འགོག་བཅོས་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་བྱ་བར་གཅིག་གྱུར་སྒོས་འཆར་འགོད་དང་སྐུལ་འདེད་གཏོང་བའི་འགོ་ཁྲིད་ལ་ཤུགས་སྣོན་དགོས། རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་འགོ་ཁྲིད་ཀྱི་འགན་འཁྲི་དང་ལྷག་པར་དུ་དངོས་འབེབས་ཀྱི་འགན་འཁྲི་ནན་ཏན་སྒོས་ལག་བསྟར་བྱེད་པ་དང་། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་སྣ་ཚོགས་ནན་ཏན་དང་ཞིབ་ཕྲ་སྒོས་དོན་ཐོག་ཏུ་འཁྱོལ་བར་བྱེད་དགོས། རིམ་པ་སོ་སོའི་ལས་བྱེད་པ་དང་ལྷག་པར་དུ་འགོ་ཁྲིད་ལས་བྱེད་པས་རྒྱལ་ངེས་པའི་བསམ་པ་དང་འགན་འཁྲིའི་བསམ་པ། བྱམས་བརྩེའི་བསམ་པ།   གཟབ་ནན་བསམ་པ་ཇེ་དྲག་ཏུ་གཏོང་བ་དང་། སྤོབས་པ་ཆེར་བསྐྱེད་སྒོས་མདུན་དུ་སྐྱོད་པ། རང་འགུལ་སྒོས་ཁག་ཁུར་དང་ཧུར་ཐག་སྒོས་བྱེད་ཐབས་སྤྱོད་དགོས། རྒྱ་ཆེའི་གཞི་རིམ་ལས་བྱེད་པ་དང་གཞི་རིམ་དུ་སོང་བའི་རིམ་པ་སོ་སོའི་ལས་བྱེད་པ། ལྷག་པར་དུ་ཧུའུ་པེ་དང་ཝུའུ་ཧན་སོགས་ཀྱི་རིམས་ནད་འགོག་བཅོས་ས་ཁུལ་གྱི་ལས་བྱེད་པ་དང་མང་ཚོགས་ལ་སེམས་ཁུར་དང་གཅེས་སྐྱོང་བྱེད་དགོས་པ་དང་། དུས་ཐོག་ཏུ་ཁོ་ཚོ་ཐུག་པའི་དོན་དངོས་དཀའ་ཁག་དང་གནད་དོན་ཐག་གཅོད་རོགས་བྱེད་དགོས་ལ། རྦད་ཆོད་སྒོས་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཀྱི་སྒྲུབ་སྟངས་ཡོ་བསྲང་བྱེད་དགོས་ཟེར།

ལིས་ཁི་ཆང་གིས་གྲོས་ཚོགས་ལ་འགོ་འཛིན་མཛད་སྐབས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལས་ཏོག་གསར་གློ་ཚད་རིམས་ནད་འགོག་བཅོས་ཚོད་འཛིན་བྱ་བར་ཁྱོན་ཡོངས་ནས་སྤྱི་སྡོམ་བྱས་ཤིང་།  དེང་སྐབས་ཀྱི་རིམས་ནད་གནས་བབ་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཤུགས་རྐྱེན་ལ་དབྱེ་ཞིབ་ཟབ་མོ་བྱས་པ་དང་། ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་དང་རིམས་ནད་འགོག་བཅོས་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་བྱ་བར་གཅིག་སྒྱུར་སྒོས་འཆར་འགོད་བྱེད་པའི་ལས་འགན་གཙོ་བོ་དང་བྱེད་ཐབས་གལ་ཆེན་བཏོན། དེ་ལ་བསམ་བློ་རང་བཞིན་དང་མཛུབ་སྟོན་རང་བཞིན། དམིགས་ཡུལ་རང་བཞིན་དྲག་པོ་ལྡན། ས་གནས་སོ་སོ་དང་ལས་ཁུངས་སོ་སོས་ནན་ཏན་སྒོས་སློབ་སྦྱོང་དང་གོ་བ་ཟབ་མོ་ལེན་པ་དང་། ལག་བསྟར་དང་དངོས་འབེབས་བྱ་བ་བཟང་བོར་བསྒྲུབ་དགོས་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་པོ་བྱས་ཏེ། ཡིད་ཆེས་ཆེར་བསྐྱེད་དང་དཀའ་སྡུག་མཉམ་སེལ། ལུགས་མཐུན་འགོག་བཅོས། གནད་འཁེལ་ཇུས་བསྟར་གྱི་སྤྱིའི་རེ་བ་དངོས་འབེབས་བཟང་བོ་བྱེད་པ་དང་། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་སྣ་ཚོགས་ནན་ཏན་དང་ཞིབ་ཕྲ་སྒོས་དངོས་འབེབས་བྱེད་དགོས་ལ། དཀའ་བར་མི་འཛེམ་པ་དང་སྤོབས་པ་ཆེར་བསྐྱེད་བྱེད་པ་དང་། རིམས་ནད་འགོག་བཅོས་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་བྱ་བ་བཟང་བོར་བསྒྲུབ་པར་གཅིག་གྱུར་སྒོས་འཆར་འགོད་བྱས་ནས། རིམས་ནད་འགོག་བཅོས་ཀྱི་མི་དམངས་དམག་འཐབ་དང་སྤྱིའི་དམག་འཐབ། འགོག་རྒོལ་དམག་འཐབ་བཅས་ལས་རྣམ་པར་རྒྱལ་བ་དང་། ཧུར་ཐག་སྒོས་ལོ་ཧྲིལ་བོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དམིགས་འབེན་དང་ལས་འགན་མངོན་འགྱུར་བྱེད་པ། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པ་དང་ལོ་ལྔའི་འཆར་གཞི་བཅུ་གསུམ་པ་ཡོངས་འགྲུབ་བྱེད་རྒྱུར་འགན་སྲུང་བྱས་ནས། ཏང་དང་མི་དམངས་ཡིད་ཚིམས་པའི་གྲུབ་འབྲས་ལེགས་པོ་ཞིག་ལེན་དགོས་ཟེར།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་དང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། རྒྱལ་སྲིད་ཨུ་ཡོན་བཅས་གྲོས་ཚོགས་ལ་ཞུགས།

དཔའ་བརྟན་རྒྱལ་དང་བཀྲ་ཤིས་འབུམ་གྱིས་བསྒྱུར།