ཟླ་གཉིས་པའི་ཚེས་ཉེར་ལྔ་ཉིན། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཧྲུའུ་ཅི། ཧྲིན་ཀྲང་ལིག་ཉིང་གིས་འགོ་འཛིན་བྱས་ཏེ་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་གྲོས་ཚོགས་བསྡུས་ཤིང་། ཚོགས་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་དང་། སྤྱི་ཚོགས་དང་དཔལ་འབྱོར་འཕེལ་རྒྱས་བྱ་བར་གཅིག་གྱུར་སྐུལ་འདེད་གཏོང་བའི་བཀོད་སྒྲིག་གྲོས་ཚོགས་སྟེང་གི་གསུང་བཤད་གལ་ཆེན་དང་། ཀྲུང་དབྱང་གི་གློ་ཚད་རིམས་ནད་གསར་པར་ཁ་གཏད་གཅོག་པའི་བྱ་བའི་འགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བརྙན་འཕྲིན་ཁ་པར་གྲོས་ཚོགས་བཅས་ཀྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ནས། བྱ་བ་ལག་བསྟར་དོན་འཁྱོལ་བྱེད་པའི་ཐད་ཞིབ་འཇུག་བྱས།
གྲོས་ཚོགས་ལས་བསྟན་དོན། རིམས་ནད་སྔོན་འགོག་ཚོད་འཛིན་དང་ལས་འགོ་བསྐྱར་འཛུགས་ཀྱི་འགག་རྩའི་དུས་སྐབས་སུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མས་ཚོགས་འདུ་བསྡུས་ནས་རིམས་ནད་ཀྱི་གནས་བབ་ལ་ཕྱོགས་ཡོངས་ནས་དབྱེ་ཞིབ་གནང་བ་དང་། རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་བྱ་བར་བཀོད་སྒྲིག་གནང་ནས། ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་འགོ་ཁྲིད་ལས་བྱེད་པར་བླང་བྱ་ཁ་གསལ་བཏོན་པར་མ་ཟད། ང་ཚོས་ཕྱིས་འབྱུང་གི་ལས་དོན་ཡག་པོ་བསྒྲུབ་རྒྱུར་ཁ་ཕྱོགས་གསལ་སྟོན་དང་གཙོ་གནད་དབྱེ་འབྱེད། བརྩི་སྲུང་བྱེད་ས་བཅས་མཁོ་འདོན་གནང་ཡོད། རིམས་ནད་བྱུང་བ་ནས་བཟུང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དུས་དང་རྣམ་པ་ཀུན་ཏུ་རིམས་ནད་གནས་བབ་ལ་དོ་ཁུར་གནང་ནས་སྐུ་ངོ་མས་བཀོད་འདོམས་དང་བཀོད་སྒྲིག་གནང་སྟེ་མཛུབ་སྟོན་གལ་ཆེན་རབ་དང་རིམ་པ་གནང་བ་དང་། ཏང་ཡོངས་དང་དམག་ཡོངས། རྒྱལ་ཡོངས་རིགས་སོ་སོའི་མི་དམངས་བཅས་ཀྱི་སྣེ་ཁྲིད་དེ་མཐུན་སྒྲིལ་འབད་འཐབ་བྱས་པར་བརྟེན། རིམས་ནད་སྔོན་འགོག་ཚོད་འཛིནབྱ་བར་དུས་རིམ་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད། ལག་ལེན་གྱི་ཐོག་ནས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་ཡོད་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་དགེ་མཚན་ཡོད་པ་ཡིན་ན། ང་ཚོར་མཐའ་མའི་རྒྱལ་ཁ་ཐོབ་ངེས་ཡིན་པ་ར་སྤྲད་ཡོད། འདུ་ཤེས་བཞི་དང་ཡིད་རྟོན་བཞི་སྔར་ལས་ཇེ་དྲག་ཏུ་གཏོང་བ་དང་། སྲུང་སྐྱོབ་བྱེད་དགོས་པ་གཉིས་བཟང་བོར་བསྒྲུབ་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་གཏིང་ཟབ་བྱེད་པ། ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་ཡག་པོ་བྱེད་པ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཞིབ་ཕྲའི་བླང་བྱ་ལག་བསྟར་ཡག་པོ་བྱེད་པ་བཅས་བྱེད་དགོས་ཟེར།
གྲོས་ཚོགས་ལས་ནན་གྱིས་བསྟན་དོན། བསམ་བློ་དང་གོམ་སྟབས་གཅིག་གྱུར་ཡོང་བར་བྱས་ནས། མཚོ་སྔོན་གྱི་སྤྱི་པའི་འཕྲོད་བསྟེན་གྱི་རྨང་གཞི་ཞན་པ་དང་། ངལ་རྩོལ་ནུས་པ་ཕྱི་ཕྱོགས་ལ་བརྟེན་ཚད་མཐོ་བ། རིམས་ནད་ནང་འདྲེན་རང་བཞིན་གྱི་ཉེན་ཁ་མུ་མཐུད་ཆེ་རུ་འགྲོ་བ་སོགས་ཀྱི་གནས་ཚུལ་དངོས་ལ་བསམ་གཞིག་གང་ལེགས་བྱས་ཏེ། “སྔོན་འགོག་གཉིས”ཐོག་མཐའ་བར་གསུམ་དུ་གནས་བབ་གལ་ཆེན་ཐོག་བཞག་ནས་དམ་འཛིན་བྱས་ཏེ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ལྷོད་གཡེང་སྤུ་ཙམ་མེད་པར་དམ་འཛིན་ཡག་པོ་བྱེད་དགོས། སྲིད་ཆོད་ཆེ་བའི་བསམ་གཞིགས་ལ་བརྟེན་ནས་སྲིད་ཆོད་ཆུང་བའི་དོན་རྐྱེན་ལ་ཁ་གཏད་འཇལ་བ་དང་། མུ་མཐུད་དུ་དྲ་མིག་ཅན་གྱི་དོ་དམ་རྒྱུན་འཁྱོངས་བྱེད་པ། གཞིས་ཁུལ་དང་སྡེ་ཁུལ། བཟོ་གྲྭ། བཟོ་ལས་ར་བ། ཚོང་ལས་ས་ཁུལ། གཞུང་ལས་ས་ཁུལ་སོགས་ཀྱི་སྔོན་འགོག་ཚོད་འཛིན་གྱི་འགན་འཁྲི་ཇེ་དམ་དུ་གཏོང་བ། ལུས་དྲོད་ཞིབ་དཔྱད་ཚད་ལེན་དང་། མི་སྣ་གདམ་གསེས་ཞིབ་བཤེར། མི་མང་མཉམ་འཛོམས་བྱེད་དུ་མི་འཇུག་པ། ཉལ་ཁང་དང་ཟ་ཁང་དོ་དམ་སོགས་སྔོན་འགོག་ཚོད་འཛིན་གྱི་བྱེད་ཐབས་ཁག་དོན་འཁྱོལ་བྱེད་པ། སྨན་བཅོས་སྲོག་སྐྱོབ་དང་དངོས་ཟོག་འགན་ལེན། སྨན་བཅོས་མི་སྣར་གཅེས་སྐྱོང་སོགས་ཀྱི་ལས་དོན་ལེགས་པར་བསྒྲུབ་དགོས། ཉེ་དུས་ས་གནས་ཁ་ཤས་སུ་མི་ཚོགས་རང་བཞིན་གྱི་འགོས་ནད་འགོས་པར་དོགས་ཟོན་བྱས་ཏེ། ཞན་ཆ་གསབ་པ་དང་སྐྱོན་ཆ་སེལ་བ། ལྷོད་གཡེང་སྔོན་འགོག་དང་ནད་གཞི་བསྐྱར་འཕར་གཏན་འགོག་བཅས་བྱས་ནས། ཚན་རིག་དང་མཐུན་པའི་འགོག་བཅོས་དང་གནད་འཁེལ་ཇུས་འདོན་གྱི་ནུས་པ་དང་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས་ཟེར།
གྲོས་ཚོགས་ལས་ནན་གྱིས་བསྟན་དོན། རིམས་ནད་སྔོན་འགོག་ཚོད་འཛིན་ལ་དམ་འཛིན་ཡག་པོ་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་ཏུ། ཡན་ལག་ཁུལ་དང་རིམ་པ་དབྱེ་ནས་གནད་འཁེལ་ཇུས་འདོན་གྱི་བླང་བྱ་དོན་འཁྱོལ་བྱེད་པ་དང་། ལས་ཀ་སླར་གསོ་དང་ཐོན་སྐྱེད་སླར་གསོ་བྱ་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ། རིམས་ནད་སྔོན་འགོག་ཚོད་འཛིན་དང་འཚམ་པའི་དཔལ་འབྱོར་དང་སྤྱི་ཚོགས་འཁོར་རྒྱུག་གི་སྒྲིག་ལམ་འཛུགས་པ་བཅས་བྱེད་དགོས། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ལས་ཀ་སླར་གསོ་དང་ཐོན་སྐྱེད་སླར་གསོ་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་དང་བྱེད་ཐབས་དོན་འཁྱོལ་བྱས་ཏེ། ཁེ་ལས་ཀྱིས་ལས་ཀ་སླར་གསོ་དང་ཐོན་སྐྱེད་སླར་གསོ་བྱེད་པའི་ཁྲོད་འཕྲད་པའི་དཀའ་ངལ་དང་གནད་དོན་བྱེ་བྲག་པ་ཐག་གཅོད་སྔར་ལས་ལེགས་པོ་བྱེད་རོགས་བྱེད་དགོས། ཁེ་ལས་ལ་རོགས་སྐྱོར་དང་ལས་གནས་བརྟན་པོ་ཡོང་བའི་སྲིད་ཇུས་དོན་འཁྱོལ་བྱས་ནས།ལས་ཞུགས་བརྟན་པོ་ཡོང་བའི་བྱེད་ཐབས་ལ་ཤུགས་སྣོན་བརྒྱབ་ནས་ལས་མི་གོ་རིམ་ལྡན་པའི་ངང་ལས་གནས་སུ་ལོག་རྒྱུར་རོགས་རམ་བྱེད་དགོས། དཔལ་འབྱོར་འཁོར་རྒྱུག་གི་བཀོད་གཏོང་ལ་ཤུགས་སྣོན་རྒྱག་པ་དང་། “བརྟན་པོ་དྲུག”གི་ལས་དོན་ཡག་པོ་སྒྲུབ་པ། མཁྲེགས་གཏོར་དམག་འཐབ་ཆེན་པོ་གསུམ་ཡག་པོ་རྒྱག་པ། དམངས་འཚོ་ཇེ་ལེགས་སུ་གཏོང་བའི་བྱ་བར་སྐུལ་འདེད་གཏོང་བ་བཅས་བྱས་ནས། ལོ་ཧྲིལ་པོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་ལས་འགན་མངོན་འགྱུར་ཧུར་ཐག་བྱེད་དགོས། རྒྱལ་ཁ་ཐོབ་ངེས་ཀྱི་བསམ་པ་དང་འགན་འཁྲིའི་བསམ་པ། བྱམས་སྐྱོང་གི་བསམ་པ། གཟབ་ནན་གྱི་བསམ་པ་བཅས་ཆེ་རུ་ཏན་ཏིག་གཏོང་བ་དང་། སེམས་ཁྲལ་གྱི་འདུ་ཤེས་འཛིན་ཤུགས་ཆེ་རུ་གཏོང་བ། ལས་ཀའི་འཇོན་ཐང་ཆེ་རུ་གཏོང་བ། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཡོ་བསྲང་མཐའ་གཅིག་ཏུ་བྱེད་པ། ལས་དོན་ཁག་དོན་ཐོག་ཏུ་ཏན་ཏིག་འཁྱོལ་བ་བཅས་བྱེད་དགོས་ཟེར།
གྲོས་ཚོགས་ལས་ད་དུང་ལས་རིམ་གཞན་ལའང་ཞིབ་འཇུག་བྱས།
ཏང་ཙུའུ་ཁོངས་མི་ཡན་ཅིན་ཧེ། ཝང་ལིས་མེན། དབྱང་ཧྥིན་ཁྲོན། ཝང་ཀྲིན་ཧྲིན། ཐེན་ཅིན་ཁྲིན། ཀྲང་ལིས། ལིག་ཐའོ། ཀྲང་ཧུང་ཡོན་བཅས་ཚོགས་འདུར་ཞུགས། ཧྲིན་ཀྲ་གཞོན་པ་ཁོང་ཡུང་ཟུར་ཞུགས་བྱས།
བན་དེ་སྐྱབས་ཀྱིས་བསྒྱུར།