ཟླ་གསུམ་པའི་ཚེས་དགུ་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་བྱ་བའི་འགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་བསྡུས། ཚོགས་ཐོག་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ཁྲིད་སྟོན་དུ་བཟུང་ནས། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་བྱ་བའི་འགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་དང་ཡིག་ཆའི་དགོངས་དོན་ལ་སློབ་སྦྱོང་དངོས་འབེབས་མཐར་ཕྱིན་བྱས་པ་དང་། མཚོ་སྔོན་གྱི་འབྲེལ་ཡོད་ཡིག་ཆར་གྲོས་ཞིབ་བྱས་པ་ལས་གཞན། འཐབ་ཕྱོགས་གཅིག་གྱུར་བྱ་བ་དང་ཆོས་ལུགས་བྱ་བར་ཞིབ་འཇུག་བཀོད་སྒྲིག་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཝང་ཅན་ཅུན་གྱིས་གྲོས་ཚོགས་ལ་འགོ་འཛིན་བྱས།
ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་བྱ་བའི་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ་མགོན་པོ་བཀྲ་ཤིས་དང་། ཀྲང་ཞི་མེན། ཝང་ཡུས་ཡན། དབྱིན་པེ། དབྱང་ཧྥིན་ཁྲུན་བཅས་ཚོགས་འདུར་ཞུགས།
གྲོས་ཚོགས་ལས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ནི་མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དུ་འགྱུར་བའི་གྲུབ་འབྲས་གསར་ཤོས་དང་། ཏང་དང་རྒྱལ་ཁབ་ཀྱིས་ངེས་པར་དུ་ཡུན་རིང་རྒྱུན་འཁྱོངས་བྱེད་དགོས་པའི་མཛུབ་སྟོན་བསམ་བློ། ང་ཚོའི་ལས་དོན་གྱི་བསམ་བློའི་མཛུབ་སྟོན་དང་བྱ་སྤྱོད་ཀྱི་ཕྱོགས་སྟོན་བཅས་རེད། འཐབ་ཕྱོགས་གཅིག་གྱུར་གྱི་གཞི་རྩ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པས་ཏང་ཡོངས་ལ་དྲག་ཆས་སྤྲས་པ་དང་། མི་དམངས་ལ་སློབ་གསོ་གཏོང་བ། ལས་ཀར་སྐུལ་འདེད་གཏོང་བ་བཅས་བྱས་ནས། འདུ་ཤེས་བཞི་དང་ཡིད་རྟོན་བཞི་སྔར་ལས་ཇེ་དྲག་ཏུ་གཏོང་བ་དང་། སྲུང་སྐྱོབ་བྱེད་དགོས་པ་གཉིས་བཟང་བོར་བསྒྲུབ་པ། ཚན་རིག་དང་མཐུན་པའི་བསམ་བློ་བཀོལ་ནས་ཆབ་སྲིད་ཀྱི་མོས་མཐུན་དང་། བསམ་བློའི་མོས་མཐུན། བརྩེ་སེམས་ཀྱི་མོས་མཐུན་བཅས་ཆེ་རུ་གཏོང་བ། བསམ་བློ་གསར་པར་བརྟེན་ནས་གནས་ཚུལ་གསར་པར་ཞིབ་འཇུག་དང་གནད་དོན་གསར་པ་ཐག་གཅོད། འཕེལ་རྒྱས་གསར་པར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས་ཟེར།
གྲོས་ཚོགས་ལས་ནན་གྱིས་བསྟན་དོན། མཚོ་སྔོན་ནི་མི་རིགས་མང་པོ་འདུས་སྡོད་དང་ཆོས་ལུགས་མང་པོ་མཉམ་གནས། རིག་གནས་མང་པོ་མཉམ་འདྲེས་བཅས་ཀྱི་ས་ཆ་ཞིག་ཡིན་པས། དེར་དུས་རབས་གསར་པའི་འཐབ་ཕྱོགས་གཅིག་གྱུར་གྱི་ལས་དོན་ཡག་པོ་བསྒྲུབ་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད། འཐབ་ཕྱོགས་གཅིག་གྱུར་ལས་དོན་ལ་འཕྲད་པའི་གནས་བབ་གསར་པ་དང་ལས་འགན་གསར་པར་དུས་བསྟུན་དབྱེ་ཞིབ་དང་ཞིབ་འཇུག་བྱེད་པ་དང་། འཐབ་ཕྱོགས་གཅིག་གྱུར་གྱི་ལེགས་ཆ་འདོན་སྤེལ་བྱེད་པ། ཕྱོགས་སོ་སོའི་བློ་གྲོས་དང་སྟོབས་ཤུགས་རྒྱ་ཁྱབ་ངང་གཅིག་སྒྲིལ་བཅས་བྱས་ནས། དཔལ་འབྱོར་འཕེལ་རྒྱས་དང་སྤྱི་ཚོགས་བརྟན་འཇགས་ཀྱི་ཆེད་དུ་དྲང་ཕྱོགས་ཀྱི་ནུས་ཚད་སྣོན་དགོས། “གཅིག་གྱུར”གྱི་བསམ་བློ་དང“དམག་འཐབ”ཀྱི་བསམ་གཞིགས་ལ་བརྟེན་ནས་འཐབ་ཕྱོགས་གཅིག་གྱུར་གྱི་ལས་ཀ་ལེགས་པར་སྒྲུབ་པའི་ནུས་པ་དང་ཆུ་ཚད་མཐོ་རུ་གཏོང་བ་དང་། ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་བྱེད་པ། གཅིག་གྱུར་བཀོད་འདོམས་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་གཏོང་བ། འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ། རྒྱལ་ཁབ་ཀྱི་ཁེ་ཕན་དང་མི་རིགས་ཀྱི་ཁེ་ཕན། མང་ཚོགས་ཀྱི་ཁེ་ཕན་བཅས་སྲུང་སྐྱོབ་ཡག་པོ་བྱེད་པར་འབད་དགོས། འཛམ་གླིང་གི་གནས་ཚུལ་དང་རྒྱལ་ཁབ་ཀྱི་གནས་ཚུལ། ཞིང་ཆེན་གྱི་གནས་ཚུལ་དངོས་བཅས་ནས་འགོ་བཙུགས་ཏེ་ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་རྒྱུན་འཁྱོངས་ཀྱིས། ཆོས་ལུགས་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་རྒྱུར་ཁྲིད་སྟོན་བྱེད་དགོས། ཕྱོགས་སོ་སོའི་ཧུར་བརྩོན་རང་བཞིན་ལ་སྐུལ་སློང་བྱེད་རྒྱུ་དེ་འཐབ་ཕྱོགས་གཅིག་གྱུར་ལས་དོན་གྱི་སྲོག་ཤིང་དུ་འཛིན་རྒྱུ་དང་། འཐབ་ཕྱོགས་གཅིག་གྱུར་ཆེན་མོའི་རྣམ་པ་བསྐྲུན་པ། འཐབ་ཕྱོགས་གཅིག་གྱུར་ཆེན་མོའི་མཉམ་ཤུགས་ཤིག་ཆགས་པར་བྱེད་པ། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་གཅིག་འདུས་ཀྱི་འདུ་ཤེས་བརྟན་པོ་འཛུགས་པ་བཅས་བྱས་ཏེ། མི་རིགས་སོ་སོ་སེ་འབྲུའི་འབྲུ་གུ་བཞིན་དམ་པོར་སྦྲེལ་བ་དང་། མི་རིགས་དང་ལས་རིགས་སོ་སོས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱེད་དགོས་ཟེར།
བན་དེ་སྐྱབས་ཀྱིས་བསྒྱུར།