ཟླ་གསུམ་པའི་ཚེས་བཅུ་གཅིག་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལིག་ཉིང་གིས་མཚོ་ཤར་གྲོང་ཁྱེར་ཧུའུ་ཀྲུའུ་རྫོང་གི་དབུལ་ཐར་མཁྲེགས་གཏོར་དང་ལས་ཐོན་སླར་གསོ། སློབ་འགོ་རྩོམ་པ། དཔྱིད་ཀའི་རྨོ་འདེབས་ཐོན་སྐྱེད་སོགས་ཀྱི་བྱ་བར་རྟོག་ཞིབ་བྱས་ཏེ་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དངོས་འབེབས་མཐར་ཕྱིན་བྱས་ནས། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བཀོད་སྒྲིག་བླང་བྱ་ལྟར་དུ། ཡིད་ཆེས་སྔར་ལས་ཆེ་བརྟན་དང་བྱེད་ཐབས་སྟོབས་ལྡན་དུ་བསྒྱུར་བ། རིམས་ནད་སྔོན་འགོག་ཚོད་འཛིན་དང་སློབ་འགོ་རྩོམ་པའི་བྱ་བ། དཔྱིད་ཀའི་རྨོ་འདེབས་ཐོན་སྐྱེད། དབུལ་ཐར་མཁྲེགས་གཏོར། ལས་འགོ་བརྩམས་ནས་དམིགས་ཚད་དུ་སླེབས་པར་བྱེད་པ་བཅས་ལ་གཅིག་གྱུར་བཀོད་སྒྲིག་གང་ལེགས་བྱས་ཏེ། གོ་རིམ་ལྡན་པའི་སྒོ་ནས་སློབ་འགོ་རྩོམ་པ་དང་ཐོན་སྐྱེད་བདེ་འཇགས། ལྗང་མདོག་འཕེལ་རྒྱས་བཅས་ཀྱི་ལས་སྒོ་སྤེལ་དགོས་ཟེར།
ལིག་ཉིང་གིས་ཐང་ཁྲོན་གྲོང་རྡལ་ཐའོ་ཅཱ་སྡེ་བའི་ཞིང་འདེབས་ཀྱི་ལས་ལ་བྲེལ་བཞིན་པའི་ཞིང་བ་དང་ལྷན་དུ་ཁ་བརྡ་བྱས། ཞིང་པ་ཀྲོའུ་ཏི་ཀྲི་ཡིས “སྐྱེ་ལྡན་ལུད་རྫས་ཡག་པོ་སྤྱད་ན་ཟས་ན་བློ་བདེ་ཞིང་རིན་གོང་མཐོན་པོ་བྱིན་ནས་བཙོང་ཐུབ”ཅེས་བཤད་པའི་སྐད་ཆ་དེ་ཐོས་འཕྲལ། ལིག་ཉིང་གིས་དགའ་ཚོར་ཆེན་པོའི་ངང་བཤད་རྒྱུར། རིམས་ནད་འགོག་བཅོས་བྱེད་ཞོར་ཞིང་ལས་ལ་འཐུས་ཤོར་གཏོང་མི་རུང་ལ། སྐྱེ་ལྡན་ལུད་རྫས་སྤྱོད་རྒྱུ་ཁྱབ་གདལ་ཧུར་ཐག་བཏང་ནས། སྐྱེ་ལྡན་ཞིང་ལས་འཕེལ་རྒྱས་གཏོང་བའི་རྩ་དོན་དང་ཚད་གཞི་གཞིར་བཟུང་སྟེ། ལྗང་མདོག་དང་སྐྱེ་ལྡན་ཐོན་རྫས། ཐོན་རྫས་སྤུས་ལེགས། བདེ་འཇགས་བཅས་ཀྱི་ཞིང་ཕྱུགས་ཐོན་རྫས་བཅས་འཕེལ་རྒྱས་ཤུགས་ཆེན་བཏང་མཐར། མཚོ་སྔོན་གྱི་མིང་གྲགས་ཐོན་རྫས་བསྐྲུན་ཏེ། གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་དགོས་ཟེར།
ཧུའུ་ཀྲུའུ་རྫོང་ཐའེ་ཙེ་ཞང་གི་ཞིང་ཕྱུག་སྔོ་ཚལ་ཆེད་ལས་མཉམ་ལས་ཁང་གིས“མཉམ་ལས་ཁང་དང་རྟེན་གཞི། ཞིང་བ”བཅས་ཟུང་དུ་འབྲེལ་བའི་བྱེད་སྟངས་ལ་གཞིགས་ནས། ཉེ་འཁོར་གྱི་དབུལ་པོའི་ཡོང་འབབ་འཕར་སྣོན་དང་ཕྱུག་འགྱུར་ཡོང་རྒྱུར་སྐུལ་ཁྲིད་བྱས་པས་ཕན་འབྲས་མངོན་གསལ་ཐོན་ཡོད། ལིག་ཉིང་གིས་བྱེད་ཕྱོགས་དེར་ཁས་ལེན་གང་ལེགས་བྱས་ནས་བཤད་རྒྱུར། ལམ་སྲོལ་སྲ་བརྟན་དུ་གཏོང་བ་དང་འཐུས་ཚང་དུ་གཏོང་བ། རྒྱ་ཆེར་གཏོང་བ་བཅས་བྱས་ཏེ། ཐོན་ལས་དབུལ་སྐྱོར་ལ་དམིགས་ནས། ཐོན་འབབ་མང་དུ་གཏོང་བ་དང་སྤུས་ཚད་མཐོ་རུ་གཏོང་བ། ཕྱིར་གཏོང་བྱེད་རྒྱ་ཆེ་རུ་གཏོང་བ་བཅས་བྱས་ཏེ་དབུལ་སྐྱོར་ཐོན་ལས་བརྟན་པོ་དང་། ལས་ཞུགས་ཐུབ་པ། ཕྱུག་འགྱུར་ཐུབ་པ་བཅས་བྱས་ཏེ་དབུལ་ཐར་གྱི་གྲུབ་འབྲས་རྒྱུན་ཆད་མེད་པར་སྲ་བརྟན་དང་མཐོ་རུ་གཏོང་དགོས་ཟེར།
ཧུའུ་ཀྲུའུ་རྫོང་གི་གློག་རྡུལ་ཚོང་དོན་དབུལ་སྐྱོར་ཞབས་ཞུ་ལྟེ་གནས་ཀྱི་གཞོན་ནུའི་འཚེམ་དྲུབ་གླིང་དུ། ལིག་ཉིང་གིས་གཞོན་ནུའི་འཚེམ་དྲུབ་ཐོན་རྫས་ཇུས་འགོད་གསར་སྤེལ་དང་དབུལ་སྐྱོར་སྐུལ་ཁྲིད་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས་རྗེས། “མཚོ་སྔོན་གྱི་འཚེམ་དྲུབ”ཐོན་ལས་དེ“འཐེན་ཐུག་དཔལ་འབྱོར”དང་ཕན་ཚུན་ཆར་བ་ཆུ་གྲོགས་སུ་འགྲོ་བའི་ཁྱད་ལྡན་ཐོན་ལས་གཞན་ཞིག་ལ་བརྩིས་ནས་སྐྱེད་སྲིང་དང་འཕེལ་རྒྱས་གཏོང་དགོས་པར་མ་ཟད། སྲོལ་རྒྱུན་བཟོ་རྩལ་ཇུས་འགོད་གསར་གཏོད་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་ནས། “མཚོ་སྔོན་གྱི་འཚེམ་དྲུབ”དང་འབྲེལ་བའི་མིང་གྲགས་ཐོན་རྫས་ནུས་ཤུགས་ཡོད་རྒུས་གཏོད་པ་དང་རིམ་སྤོར་བྱས་ཏེ། མཚོ་སྔོན་གྱི་འཚེམ་དྲུབ་སྒྱུ་རྩལ་གྱི་སྐད་གྲགས་ཆོད་ཚད་དང་ཤུགས་རྐྱེན་ཐེབས་ཤུགས་ཟམ་མི་ཆད་པར་ཆེ་རུ་བཏང་ནས། འཚེམ་བཟོ་མཁན་ཁྲི་སྟོང་མང་པོར་མཛེས་སྡུག་གི་འཚོ་བ་གསར་པ་རོལ་ཐུབ་པར་བྱེད་དགོས་ཟེར།
ཡན་ཅིན་ཧེ་དང་ཉེའོ་ཁྲིན་ཡུན་གྱིས་རྟོག་ཞིབ་བྱེད་རོགས་བྱས།
བན་དེ་སྐྱབས་ཀྱིས་བསྒྱུར།