མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་བརྡ་ཁྱབ།(ཨང18པ།)
2020.03.16 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 46

ཚོང་དོན་པུའུ་དང་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་མཉམ་དུ་བཀྲམ་པའི《སིལ་འཚོང་དང་བཟའ་བཏུང་ཁེ་ལས་ཀྱི་ཏོག་གསར་ནད་དུག་མཆེད་པའི་སྐབས་ཀྱི་ལས་གཉེར་ཞབས་ཞུ་འགོག་སྡོམ་ཕྱོགས་སྟོན》ཞེས་པ་དང་།རང་ཞིང་གིས་རིམས་ནད་འགོག་སྡོམ་གྱི་ས་ཁུལ་དང་རིམ་པ་དགར་བ་དང་ཐོལ་བྱུང་སྤྱི་ཐུན་འཕྲོད་བསྟེན་དོན་རྐྱེན་ཚབས་ཆེན་གྱི་ཟློག་རིམ་བསྒྱུར་བའི་དོན་དངོས་གཞིར་བཟུང་ནས།ཞིང་ཆེན་ཡོངས་ཀྱི་བཟའ་བཏུང་ལས་རིགས་ཀྱིས་ཕྱོགས་ཡོངས་ནས་ལས་གཉེར་སླར་གསོ་བྱེད་པར་མྱུར་དུ་སྐུལ་སྤེལ་བྱེད་ཆེད།འབྲེལ་ཡོད་དོན་དག་སྐོར་ནས་བརྡ་ཁྱབ་བཏང་བ་གཤམ་ལྟར།

གཅིགཞིང་ཆེན་ཡོངས་ཀྱི་གསོལ་མགྲོན་ཁང་དང་ཟ་ཁང་།ཞོགས་ཟས་ཁང་།མཚན་ཟས་ཁང་སོགས་འདུ་བའི་བཟའ་བཏུང་ལས་གཉེར་ལས་ཁུངས་ཀྱིས་ཉིན་འདི་ནས་བཟུང་ཕྱོགས་ཡོངས་ནས་ལས་གཉེར་སླར་གསོ་བྱ་ཆོག

གཉིས།བཟའ་བཏུང་ལས་གཉེར་ལས་ཁུངས་ཀྱིས་ཁེ་ལས་ཀྱི་གཙོ་གཞིའི་འགན་འཁྲི་ཡོངས་སུ་དོན་འཁྱོལ་དང་།རིམས་ནད་འགོག་སྡོམ་གྱི་བྱེད་ཐབས་ཞིབ་མོ་དོན་འཁྱོལ་བྱ་དགོས།ཚོང་དོན་སྡེ་ཁག་གིས་ལས་རིགས་མཛུབ་སྟོན་ལས་འགན་ལག་བསྟར་དང་།ཁྲོམ་ར་ལྟ་སྐུལ་དོ་དམ་སྡེ་ཁག་གིས་ལྟ་སྐུལ་དོ་དམ་གྱི་ལས་འགན་དོན་འཁྱོལ།འཕྲོད་བསྟེན་བདེ་ཐང་སྡེ་ཁག་གིས་རིམས་ནད་ལྟ་ཞིབ་ཚད་ལེན་ལ་ཤུགས་སྣོན་བཅས་བྱ་དགོས།

གསུམ།བཟའ་བཏུང་ལས་གཉེར་ལས་ཁུངས་ཀྱིས་ལས་གཉེར་སླར་གསོ་མ་བྱས་པའི་སྔོན་ལ།ཕྱིར་ལས་གནས་སྟེང་ལོག་པའི་ལས་བཟོ་པའི་བདེ་ཐང་རྩིས་ཐོ་བཟོ་དགོས་པ་དང་།ལས་གཉེར་གྱི་རྗེས་སུ་ཉིན་རེར་ལས་ཞུགས་མི་སྣར་ཞོགས་བཤེར་དང་ཚ་བརྟག་བྱ་དགོས།ལས་གཉེར་གནས་ཡུལ་དང་བཟའ་བཏུང་ཅ་ལགསྒྲིག་བཀོད་སྒྲིག་ཆས་སོགས་ལ་རླུང་རྒྱུ་བར་བྱེད་པ་དང་དུག་སེལ་བ།བདེ་བཤེར་བཅས་བྱ་དགོས་པར་མ་ཟད།ངེས་མཁོའི་རིམས་འགོག་དངོས་ཟོག་གསོག་འཇོག་བཟང་བོ་བྱ་དགོས།བཟའ་བཏུང་ལས་ཞུགས་མི་སྣར་གནས་སྐབས་སུ་རིམས་ནད་ཀྱི་ཉེན་ཁ་ཆེ་འབྲིང་ས་ཁུལ་གྱི་མི་སྣ་དང་རྒྱལ་ཁབ་གཞན་ནས་མཚོ་སྔོན་ལ་ཡོང་བའི་མི་སྣ་བཀོལ་སྤྱོད་བྱ་མི་ཆོག

བཞི།བཟའ་བཏུང་ཚོང་གཉེར་ལས་ཁུངས་ཀྱིས་ཁ་པར་རིས་བཤེར་རིན་སྤྲོད་བྱེད་ཐབས་སྤྱོད་རྒྱུ་དར་སྤེལ་བྱ་དགོས།འཛུལ་སྒོ་རུ་བསྒྲགས་བྱང་གསལ་བོ་ལས་ཏེ།ཉིན་བཅོ་ལྔའི་ནང་ཞིང་ཆེན་གཞན་པ་ནས་མཚོ་སྔོན་ལ་ཡོང་བའི་མི་སྣ་ནང་ཟ་མ་བཟའ་རུ་ཡོང་མི་ཆོག་པར་གསལ་འདེབས་བྱ་དགོས།ཟ་མ་ཟ་མཁན་ནང་དུ་ཐོན་རྗེས་དཔལ་ཡོན་ལྡན་པར་ཟ་མ་བཟའ་བ་དང་ཕན་ཚུན་ལ་བར་ཐག་འཛིན་དགོས།ཟ་མ་ཟ་མཁན་གྱིས་ཟ་མ་ཟ་སྐབས་མ་གཏོགས་བརྒྱུད་རིམ་གཞན་པ་ཡོངས་སུ་ཁ་ཐུམ་རྒྱག་དགོས།ཟ་མ་བཟས་རྗེས་མྱུར་དུ་འགྲོ་དགོས་པ་ལས་ཡུན་རིང་བོར་བསྡད་མི་ཆོག

ལྔ།བཟའ་བཏུང་ལས་གཉེར་ལས་ཁུངས་ཀྱིས་འཕྲོད་བསྟེན་རིམས་འགོག་ཤེས་བྱའི་དྲིལ་སྒྲོག་སློབ་གསོར་ཤུགས་བསྣན་ནས།ལས་བཟོ་པའི་རང་སྟེང་གི་འཕྲོད་བསྟེན་དོ་དམ་ནུས་པ་མཐོར་འདེགས་གཏོང་དགོས།ལས་བཟོ་པ་ཡོངས་ཀྱིས་ཁ་ཐུམ་བརྒྱབ་སྟེ་ལས་ཀར་ཞུགས་དགོས་ལ།ཞབས་ཞུའི་བརྒྱུད་རིམ་ཁྲོད་དུ་འགྲུལ་བའི་ཉེ་སར་བཅར་ཐེངས་ཇེ་ཉུང་དུ་གཏོང་ཅི་ཐུབ་བྱ་དགོས།ཟས་ཅོག་རེ་ལ་སྤྱི་སྤྱོད་ཀྱི་ཐུར་མ་དང་ཟས་སྐྱོགས་བྱིན་ནས།ཕན་ཚུན་ནད་འགོ་བར་སྔོན་འགོག་བྱ་དགོས།

དྲུགབཟའ་བཏུང་ལས་གཉེར་ལས་ཁུངས་ཀྱིས་དྲ་ཐོག་མངག་སྐྱེལ་དང་དྲ་འོག་ཐུམ་རྒྱགདུས་སྣོལ་ཟས་རོལ།ཨང་འབོད་ཟས་ལེན།བར་འཇོག་གྲལ་སྒྲིག་སོགས་ཀྱི་ཞབས་ཞུའི་ཐབས་ལམ་སྣ་མང་སྤྱད་ནས།གྲལ་སྟར་རིང་བོ་བསྒྲིག་པའི་སྣང་ཚུལ་མི་འབྱུང་བར་བྱེད་པར་སྐུལ་མ་གཏོང་དགོས།བཟའ་བཏུང་ལས་ཁུངས་ཀྱིས་ཟས་ཅོག་དང་རྐུབ་སྟེགས་ཇེ་ཉུང་དུ་གཏོང་བ་དང་། ཟས་ཅོག་གི་བར་ཐག་ཇེ་རིང་དུ་གཏོང་བ།བར་དུ་ཟས་ཅོག་གཅིག་བཞག་སྟེ་ཟ་མ་བཟའ་རུ་འཇུག་པ།བར་བཅད་དེ་ཟ་མ་བཟའ་རུ་འཇུག་པ་སོགས་རིམས་ནད་འགོག་སྡོམ་བྱེད་ཐབས་སྤྱོད་པར་སྐུལ་མ་གཏོང་དགོས།རིམས་ནད་འགོག་སྡོམ་གྱི་སྐབས་སུ་ཁེར་ཤག་གི་ནང་ནས་ཟ་མ་བཟའ་བར་བཀག་སྡོམ་ནན་མོ་བྱས་ཏེ།འདུ་འཛོམས་རང་བཞིན་གྱིས་ཟ་མ་ཟས་པར་བརྟེན་ནས་རིམས་ནད་འགོས་ཁྱབ་འབྱུང་བའི་ཉེན་ཁ་ལས་གཡོལ་དགོས།

བདུན།བཟའ་བཏུང་ལས་གཉེར་ལས་ཁུངས་ཀྱིས《བཟའ་བཏུང་ཞབས་ཞུ་དང་ཟས་རིགས་བདེ་འཇགས་སྤྱོད་ལམ་གྱི་ཚད་གཞི》ཞེས་པའི་བླང་བྱ་དོན་འཁྱོལ་ནན་མོ་བྱས་ཏེ།རིམས་ནད་ཞིབ་བཤེར་མ་བརྒྱུད་པའི་སྒོ་ཕྱུགས་དང་ཁྱིམ་བྱའི་ཤ་ཉོ་མི་ཆོག་པ་དང་།བཟའ་ཆས་ལས་སྣོན་གྱི་སྐབས་སུ་རློན་བཙོས་སོར་འབྱེད་བྱ་དགོས་ལ།བཟའ་ཆས་གསར་བ་དང་དག་མ།གཙང་མ་ཡིན་པར་ཁག་ཐེག་བྱ་དགོས།མངག་སྐྱེལ་བཟའ་ཆས་ཀྱི་རིགས་ལ་འབྲེལ་ཡོད་གཏན་ཁེལ་དོན་འཁྱོལ་ནན་མོ་བྱས་ཏེ།སྡེབ་སྐྱེལ་གྱི་བརྒྱུད་རིམ་ཁྲོད་དུ་ནད་འགོ་བར་སྔོན་འགོག་བྱ་དགོས།དེ་དང་མཉམ་དུ་ཐབ་ཚང་གད་སྙིགས་ཀྱི་དོ་དམ་ལ་ཤུགས་བསྣན་ནས།ཡང་བསྐྱར་སྦགས་བཙོག་མི་འབྱུང་བར་བྱ་དགོས།

བརྒྱད།ཁྲིམས་དང་འགལ་ནས་རི་སྐྱེས་སྲོག་ཆགས་ཉོ་བ་དང་འཚོང་བ།ཟས་སུ་སྤྱོད་པ་བཅས་ཀྱི་བྱ་སྤྱོད་ཡོངས་སུ་བཀག་སྡོམ་བྱ་དགོས་པ་དང་།བཟའ་ཆས་ཚོང་གཉེར་གནས་ཡུལ་ནས་སྒོ་ཕྱུགས་དང་ཁྱིམ་བྱ་སོགས་སྲོག་ཆགས་གསོ་བ་དང་བཤའ་བར་བཀག་སྡོམ་བྱ་དགོས།

མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས།

2020ལོའི་ཟླ3པའི་ཚེས15ཉིན།