ཞི་ཅིན་ཕིང་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་མགོ་ཁྲིད་པའི་པྲོག་གསར་གློ་ཚད་ཀྱི་རིམས་ནད་ཟློག་པའི་དམིགས་བསལ་མཐོ་རིམ་གྲོས་ཚོགས་ལ་ཞུགས་པར་མ་ཟད་གསུང་བཤད་གལ་ཆེན་གནང་།
2020.03.27 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 90

ཟླ3པའི་ཚེས26ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་པེ་ཅིན་ནས་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་མགོ་ཁྲིད་པའི་པྲོག་གསར་གློ་ཚད་ཀྱི་རིམས་ནད་ཟློག་པའི་དམིགས་བསལ་མཐོ་རིམ་གྲོས་ཚོགས་ལ་ཞུགས་པར་མ་ཟད་ཁ་ཡིག་ལ་ལག་གདང་མཉམ་སྦྲེལ་གྱིས་རིམས་འགོག་བྱས་ཏེ་དཀའ་ངལ་མཉམ་སེལ་བྱེད་ཅེས་པའི་གསུང་བཤད་གལ་ཆེན་གནང་།

རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཚེས་ཉེར་དྲུག་ཉིན་གྱི་དགོང་མོར་པེ་ཅིན་ནས་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་མགོ་ཁྲིད་པའི་པྲོག་གསར་གློ་ཚད་ཀྱི་རིམས་ནད་ཟློག་པའི་དམིགས་བསལ་མཐོ་རིམ་གྲོས་ཚོགས་ལ་ཞུགས་པར་མ་ཟད་ཁ་ཡིག་ལ་ལག་གདང་མཉམ་སྦྲེལ་གྱིས་རིམས་འགོག་བྱས་ཏེ་དཀའ་ངལ་མཉམ་སེལ་བྱེད་ཅེས་པའི་གསུང་བཤད་གལ་ཆེན་གནང་། ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། གློ་བུར་དུ་བྱུང་བའི་པྲོག་གསར་གློ་ཚད་ཀྱི་རིམས་ནད་མདུན་ནས། ཀྲུང་གོའི་སྲིད་གཞུང་དང་ཀྲུང་གོའི་མི་དམངས་ཀྱིས་དཀའ་ངལ་ལ་མ་འཛེམས་པར་ཐོག་མཐའ་བར་གསུམ་དུ་མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་ལུས་ཕུང་བདེ་ཐང་དེ་གོ་གནས་དང་བོར་བཞག་སྟེ། ཡིད་ཆེས་ཆེར་བསྐྱེད་དང་དཀའ་ངལ་མཉམ་སེལ། ཚན་རིག་འགོག་བཅོས། གནད་ཕིགས་ཇུས་བསྟར་བཅས་ཀྱི་སྤྱིའི་བླང་བྱ་ལྟར། དམངས་ཡོངས་སྐུལ་སློང་དང་མཉམ་འགོག་མཉམ་སྡོམ། ཡོངས་བསྒྲགས་མངོན་གསལ་བཅས་རྒྱུན་འཁྱོངས་བྱས་ཏེ། རིམས་ནད་འགོག་རྒོལ་གྱི་མི་དམངས་ཀྱི་དམག་འཐབ་ཅིག་བཤམས། དཀའ་སྤྱད་འབད་བརྩོན་བྱས་པ་དང་བློས་གཏོང་ཆེན་པོ་བྱས་པ་བརྒྱུད་ནས། ད་ལྟ་ཀྲུང་གོའི་རྒྱལ་ནང་གི་རིམས་ནད་འགོག་སྡོམ་གནས་བབ་བསྟུད་མར་བཟང་ཕྱོགས་སུ་འཕེལ་བཞིན་པ་དང་། ཐོན་སྐྱེད་འཚོ་བའི་སྒྲིག་ལམ་མྱུར་དུ་སླར་གསོ་འབྱུང་བཞིན་ཡོད་མོད། ཡིན་ནའང་ང་ཚོས་སྔར་བཞིན་དོགས་ཟོན་བྱེད་ཚད་ཅུང་ཙམ་ཡང་ལྷོད་མི་རུང་། དེང་སྐབས་རིམས་ནད་འཛམ་གླིང་ཡོངས་སུ་མཆེད་བཞིན་པས། རྒྱལ་སྤྱིའི་སྤྱི་ཚོགས་ལ་ཆེས་གལ་ཆེ་བ་ནི་ཡིད་ཆེས་ཆེར་བསྐྱེད་དང་སེམས་ཤུགས་གཅིག་མཐུན། རྡོག་རྩ་གཅིག་སྒྲིལ་བཅས་བྱས་ཏེ། ལག་གདང་མཉམ་སྦྲེལ་གྱིས་མིའི་རིགས་དང་འགོས་ནད་ལྕི་མོ་འདིའི་བར་གྱི་འཐབ་རྩོད་ལས་རྒྱལ་བར་བྱེད་རྒྱུ་དེ་ཡིན། ཀྲུང་གོས་མིའི་རིགས་ལས་སྐལ་གཅིག་མཐུན་གྱི་ཚོགས་པའི་འདུ་ཤེས་རྒྱུན་འཁྱོངས་བྱས་ཏེ། རྒྱལ་ཁབ་གཞན་པར་རང་ནུས་ཅི་ལྕོགས་ཀྱིས་རོགས་རམ་བྱས་ནས། འཛམ་གླིང་གི་དཔལ་འབྱོར་གཏན་འཇགས་ཐད་བྱས་རྗེས་འཇོག་འདོད་ཡོད་ཟེར།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཝང་ཧུའུ་ཉིང་ཞི་ཅིན་ཕིང་དང་མཉམ་དུ་ཚོགས་འདུར་ཞུགས།

ཞི་ཅིན་ཕིང་གིས་ཐོག་མར་ཀྲུང་གོར་ཆེས་དཀའ་ཁག་ཆེ་བའི་སྐབས་སུ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཀྲུང་གོར་ལྷག་བསམ་རྣམ་དག་གིས་རོགས་རམ་དང་རྒྱབ་སྐྱོར་བྱས་པས། ང་ཚོས་དུས་ནམ་ཡང་མཛའ་བརྩེ་དེ་ཡིད་ལ་བརྟན་པོར་བཅངས་ནས་དེར་གཅེས་སྤྲས་བྱེད་རྒྱུ་ཡིན་ཞེས་བསྟན།

ཞི་ཅིན་ཕིང་གིས་བསྟན་དོན། འགོས་ནད་ལྕི་མོ་ནི་མིའི་རིགས་ཡོངས་ཀྱི་དགྲ་བོ་ཡིན། པྲོག་གསར་གློ་ཚད་ཀྱི་རིམས་ནད་འཛམ་གླིང་ཡོངས་སུ་མཆེད་དེ། མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་ལུས་ཕུང་བདེ་ཐང་ཐད་འཇིགས་སྣང་ཆེན་པོ་བཟོ་བཞིན་ཡོད་ལ། འཛམ་གླིང་ཡོངས་ཀྱི་སྤྱི་ཐུན་འཕྲོད་བསྟེན་བདེ་ཐང་ལ་འགྲན་ཆེན་པོ་སློང་བཞིན་ཡོད་ཟེར། ཞི་ཅིན་ཕིང་གིས་གྲོས་ཚོགས་ཀྱི་གྲོས་གཞིའི་ཐད་ལ་བསམ་ཚུལ་བཞི་བཏོན།

གཅིག པྲོག་གསར་གློ་ཚད་ཀྱི་རིམས་ནད་འགོག་སྡོམ་གྱི་འཛམ་གླིང་ཧྲིལ་བོའི་འགོག་རྒོལ་དམག་འཐབ་མཐའ་གཅིག་ཏུ་བཟང་བོར་སྤེལ་དགོས། རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་འཕྲོད་བསྟེན་པུའུ་ཀྲང་གྲོས་ཚོགས་སྔ་མོ་ནས་བསྡུས་ཏེ། ཆ་འཕྲིན་མཉམ་སྤྱོད་ལ་ཤུགས་སྣོན་པ་དང་། སྨན་རྫས་དང་འགོག་སྨན་གསར་བཟོ། རིམས་འགོག་བཅས་ཀྱི་མཉམ་ལས་སྤེལ་བ། རིམས་ནད་རྒྱལ་ཁོངས་བརྒལ་ནས་མཆེད་པར་སྔོན་འགོག་ནུས་ལྡན་བྱས་ཏེ། ལག་གདང་མཉམ་སྦྲེལ་གྱིས་སྤྱི་ཐུན་འཕྲོད་བསྟེན་མ་ལག་ཉམས་ཞན་ཡིན་པའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་རིམས་ཟློག་ནུས་པ་མཐོར་འདེགས་སུ་གཏོང་རོགས་བྱེད་དགོས། ངས་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱིས་རིམས་འགོག་རོགས་སྐྱོར་གྱི་གྲོས་མགོ་བཏོན་ནས། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་རྒྱབ་སྐྱོར་འོག་ཏུ་ཆ་འཕྲིན་བརྗེ་རེས་དང་སྲིད་ཇུས་མཐུན་སྦྱོར། འགུལ་སྐྱོད་གཞོགས་འདེགས་བཅས་ལ་ཤུགས་སྣོན་རྒྱུའི་གྲོས་གཞི་བཏོན་པ་ཡིན། ཀྲུང་གོས་མིའི་རིགས་ལས་སྐལ་གཅིག་མཐུན་ཚོགས་པའི་འདུ་ཤེས་རྒྱུན་འཁྱོངས་བྱེད་པ་ཡིན་ལ། རྒྱལ་ཁབ་སོ་སོའི་བར་དུ་རིམས་འགོག་གི་ཕན་ཡོད་བྱེད་ཐབས་མཉམ་སྤྱོད་བྱས་ཏེ། སྨན་རྫས་དང་འགོག་སྨན་མཉམ་དུ་གསར་སྤེལ་བྱེད་འདོད་ཡོད་པར་མ་ཟད། རིམས་ནད་མཆེད་པའི་རྒྱལ་ཁབ་ལ་རང་ནུས་ཅི་ལྕོགས་ཀྱིས་རོགས་སྐྱོར་བྱེད་འདོད་ཡོད།

གཉིས། རྒྱལ་སྤྱིའི་མཉམ་འགོག་མཉམ་སྡོམ་ནུས་ལྡན་གྱིས་སྤེལ་དགོས། ཀྲུང་གོས་པྲོག་གསར་གློ་ཚད་ཀྱི་རིམས་ནད་འགོག་སྡོམ་གྱི་དྲ་ཐོག་ཤེས་བྱ་ལྟེ་གནས་བཙུགས་ཏེ། རྒྱལ་ཁབ་ཚང་མར་ལྟ་རུ་བཅུག་ཡོད། རྒྱལ་ཁབ་སོ་སོའི་ནུས་པ་གཅིག་སྡུད་བྱས་ཏེ། མཉམ་ལས་དམ་པོས་སྨན་རྫས་དང་འགོག་སྨན། བརྟག་བཤེར་སོགས་ཕྱོགས་ཀྱི་ཚན་རིག་ཞིབ་འཇུག་གི་འགག་སྒོ་མྱུར་དུ་གཏོར་དགོས། ས་ཁོངས་སྤྱི་ཐུན་འཕྲོད་བསྟེན་གྱི་འཕྲལ་བསྟུན་འབྲེལ་གཏུག་ནང་རྐྱེན་འཛུགས་པར་ཞིབ་སྡུར་བྱེད་དགོས།

གསུམ། རྒྱལ་སྤྱིའི་རྩ་འཛུགས་ཀྱིས་ནུས་པ་འདོན་པར་རྒྱབ་སྐྱོར་ལེགས་པོ་བྱེད་དགོས། ཀྲུང་གོས་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་མགོ་ཁྲིད་ནུས་པ་བཏོན་ནས། ཚན་རིག་ལུགས་མཐུན་གྱི་འགོག་སྡོམ་བྱེད་ཐབས་གཏན་འབེབས་བྱེད་པར་རྒྱབ་སྐྱོར་བྱེད་པ་ཡིན། ངས་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱིས་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ལ་བརྟེན་ནས་རིམས་འགོག་ཆ་འཕྲིན་མཉམ་སྤྱོད་ལ་ཤུགས་བསྣན་ཏེ། ཆ་ཚང་ཞིང་ཕན་ནུས་ལྡན་པའི་འགོག་སྡོམ་ཕྱོགས་སྟོན་ཁྱབ་གདལ་དུ་གཏོང་རྒྱུའི་གྲོས་གཞི་བཏོན་པ་ཡིན། རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱིས་འབྲེལ་འདྲིས་མཐུན་སྦྱོར་ནུས་པ་བཏོན་ནས། དུས་དང་འཚམ་པར་འཛམ་གླིང་གི་སྤྱི་ཐུན་འཕྲོད་བསྟེན་བདེ་འཇགས་ཀྱི་མཐོ་རིམ་གྲོས་ཚོགས་བསྡུ་དགོས།

བཞི། རྒྱལ་སྤྱིའི་ཆེ་ཕྱོགས་དཔལ་འབྱོར་གྱི་སྲིད་ཇུས་མཐུན་སྦྱོར་ལ་ཤུགས་སྣོན་དགོས། རྒྱལ་ཁབ་སོ་སོས་མཉམ་དུ་ཆེ་ཕྱོགས་སྲིད་ཇུས་ཀྱི་སྙོམ་སྒྲིག་ཤུགས་ཚད་ཇེ་ཆེར་བཏང་ནས། འཛམ་གླིང་གི་དཔལ་འབྱོར་ཉམས་རྒུད་དུ་འགྲོ་བར་སྔོན་འགོག་བྱེད་དགོས། ནུས་ལྡན་ཕན་ཡོད་ཀྱི་ནོར་སྲིད་དང་དངུལ་ལོར་སྲིད་ཇུས་ལག་བསྟར་བྱས་ཏེ། འཛམ་གླིང་ཡོངས་ཀྱི་དངུལ་རྩའི་ཁྲོམ་རའི་གཏན་འཇགས་ལ་སྲུང་སྐྱོབ་དང་། འཛམ་གླིང་ཡོངས་ཀྱི་ཐོན་ལས་མུ་འབྲེལ་དང་མཁོ་འདོན་མུ་འབྲེལ་གྱི་གཏན་འཇགས་ལ་སྲུང་སྐྱོབ་བྱེད་དགོས། ཀྲུང་གོས་རྒྱལ་སྤྱིའི་ཁྲོམ་རའི་སྨན་གྱི་རྒྱུ་ཆ་དང་། འཚོ་བའི་མཁོ་ཆས། རིམས་འགོག་དངོས་ཟོག་སོགས་ཐོན་རྫས་མཁོ་འདོན་བྱེད་ཚད་ཇེ་ཆེར་གཏོང་རྒྱུ་ཡིན་པ་དང་། ཉམ་ཞན་ཚོགས་པར་སྲུང་སྐྱོབ་དང་མི་དམངས་ཀྱི་གཞི་རྩའི་འཚོ་བར་འགན་སྲུང་བྱེད་རྒྱུ་ཡིན། ཀྲུང་གོས་མུ་མཐུད་དུ་ནོར་སྲིད་སྲིད་ཇུས་ལེགས་པོ་དང་དངུལ་ལོར་སྲིད་ཇུས་བརྟན་པོ་མུ་མཐུད་དུ་ལག་བསྟར་བྱས་ཏེ། བློ་བརྟན་འགྱུར་མེད་ཀྱིས་བཅོས་སྒྱུར་སྒོ་འབྱེད་རྒྱ་བསྐྱེད་པ་དང་། ཁྲོམ་རར་འཇུག་ཚད་ཇེ་ལྷོད་དུ་གཏོང་བ། ཚོང་གཉེར་ཁོར་ཡུག་བསྟུད་མར་ཇེ་ལེགས་སུ་གཏོང་བ། ནང་འདྲེན་ཧུར་ཐག་གིས་རྒྱ་བསྐྱེད་པ། ཕྱི་ཕྱོགས་དངུལ་གཏོང་རྒྱ་བསྐྱེད་པ་བཅས་བྱས་ཏེ། འཛམ་གླིང་གི་དཔལ་འབྱོར་གཏན་འཇགས་ཐད་བྱས་རྗེས་འཇོག་རྒྱུ་ཡིན་ཟེར།

ཞི་ཅིན་ཕིང་གིས་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་དག་གིས་ཐུན་མོང་གི་བྱེད་ཐབས་སྤྱད་དེ། སྒོ་ཁྲལ་ཆག་ཡང་དང་མེད་པར་གཏོང་བ་དང་། འགོག་སྲུང་མེད་པར་གཏོང་བ། ཉོ་འཚོང་གེགས་མེད་དུ་བྱས་ཏེ། འཛམ་གླིང་གི་དཔལ་འབྱོར་སླར་གསོའི་ཡིད་ཆེས་བསྐྱེད་དགོས་པ་དང་། རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱིས་འགུལ་སྐྱོད་འཆར་གཞི་བཟོ་དགོས་པར་མ་ཟད། རིམས་འགོག་ཆེ་ཕྱོགས་སྲིད་ཇུས་ཀྱི་མཐུན་སྦྱོར་ཐད་དུས་ལྟར་དགོས་ངེས་ཀྱི་རྐྱེན་སྲོལ་རང་བཞིན་གྱི་འབྲེལ་འདྲིས་དང་བཀོད་སྒྲིག་བྱེད་དགོས་པའི་འབོད་སྐུལ་བཏང་།

ཞི་ཅིན་ཕིང་གིས་མཇུག་མཐར་ནན་གྱིས་བསྟན་དོན། གནད་འགག་གི་དུས་སྐབས་འདིར། ང་ཚོས་འགྲན་རྩོད་ལ་ཐད་ཀར་དུ་གདོང་གཏོད་དགོས་པ་དང་མྱུར་དུ་འགུལ་སྐྱོད་སྤེལ་དགོས། ང་ཚོས་དཀའ་ངལ་མཉམ་སེལ་དང་ཕན་ཚུན་རོགས་རེས་བྱས་ན། རིམས་ནད་ལས་རྣམ་པར་རྒྱལ་ཏེ། མིའི་རིགས་འཕེལ་རྒྱས་ཀྱི་སྔར་ལས་མཛེས་སྡུག་གི་མ་འོངས་པ་བསུ་ཐུབ་པར་ང་ལ་ཡིད་ཆེས་བརྟན་པོ་ཡོད་ཟེར།