མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་དམངས་གཉེར་ཁེ་ལས་ཀྱི་ལས་ཐོན་སླར་གསོའི་བཞུགས་མོལ་ཚོགས་འདུ་བསྡུས།
2020.04.07 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 19

ཟླ་བཞི་བའི་ཚེས་གསུམ་ཉིན། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་དམངས་གཉེར་ཁེ་ལས་ཀྱི་ལས་ཐོན་སླར་གསོའི་བཞུགས་མོལ་ཚོགས་འདུ་བསྡུས། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ཁོང་ཡུང་གིས་ཚོགས་འདུར་འགོ་མཛིན་བྱས།

ཚོགས་ཐོག་ནས་བསྟན་དོན། པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་ལ་འགོག་རྒོལ་བྱེད་པའི་གནད་འགག་དུས་སྐབས་སུ། ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་དམངས་གཉེར་ཁེ་ལས་ཀྱིས་ཆབ་སྲིད་གླེང་བ་དང་སྤྱི་ཡོངས་ལ་ལྟ་རྟོག་བྱེད་པ། སྒྲིག་ལམ་བརྩི་སྲུང་བྱེད་པ། བྱས་རྗེས་བརྩོན་ལེན་བྱེད་པ་བཅས་བྱས་ནས། རིམས་ནད་སྔོན་འགོག་ཚོད་འཛིན་ཁྲོད་ཞུགས་པ་དང་། རྒྱལ་ཁབ་ལ་བཅངས་པའི་བརྩེ་སེམས་མཚོན་པར་བྱས་ཡོད། རང་འགུལ་གྱིས་འབད་འཐབ་བྱས་པ་དང་། དཀའ་ངལ་ཁྱད་སེལ་དང་མ་རྩར་སེམས་འཛིན་མི་བྱེད་པ། དུས་ཚོད་དམ་འཛིན་གྱིས་ལས་ཐོན་སླར་གསོ་ལ་སྐུལ་འདེད་བཏང་སྟེ། ཚོང་རའི་མཁོ་འདོན་དང་ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱི་འཚོ་བའི་དགོས་མཁོ་ལ་འགན་སྲུང་བྱས་པ་དང་། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་ཀྱི་སྒྲིག་ལམ་མྱུར་དུ་སླར་གསོ་བྱེད་པར་ཤུགས་ཡོད་རྒྱབ་སྐྱོར་འདོན་སྤྲོད་བྱས་ཟེར།

ཚོགས་ཐོག་ནས་ནན་གྱིས་བསྟན་དོན། མིག་སྔར་མཚོ་སྔོན་ཞིང་ཆེན་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བའི་གནད་འགག་དུས་སྐབས་སུ་བསླེབ་ཡོད་པ་དང་། རྒྱ་ཆེའི་དམངས་གཉེར་ཁེ་ལས་དང་དམངས་གཉེར་དཔལ་འབྱོར་མི་སྣས་ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་། བརྟན་བརླིང་ངང་མདུན་དུ་སྐྱོད་པ། མྱུར་དུ་འགུལ་སྐྱོད་བྱེད་པ། ཉེན་ཁ་གོ་སྐབས་སུ་བསྒྱུར་བ། མཉམ་དུ་དཀའ་ངལ་ཁྱད་སེལ་བྱེད་པ། གཏན་ཤུགས་རྒྱུན་འཁྱོངས་བྱས་ནས། བློ་བརྟན་འགྱུར་མེད་ཀྱིས་ཐོན་སྐྱེད་བདག་གཉེར་ལ་དམ་འཛིན་བྱེད་དགོས། ཚོང་ར་དང་མཐུན་པར་བྱེད་པ་དང་ཚུལ་བསྒྱུར་རིམ་སྤོར་བྱེད་པ། མིག་སྔའི་རྨང་གཞི་སྒྲིག་ཆས་ཐད་ཀྱི་དགོས་མཁོ་སོགས་གོ་སྐབས་དམ་འཛིན་བྱེད་པ། བསམ་བློ་བཅོས་བསྒྱུར་དང་གསར་གཏོད་བྱེད་པ། རྒྱུ་རྐྱེན་མཉམ་བསྲེས་བྱེད་པ། གཙོ་ལས་སྟོབས་ལྡན་དུ་བསྒྱུར་བ། Gལྔ་ཅན་གྱི་ཚོང་སྤྱོད་དྲ་རྒྱ་དང་ནུས་མང་ཁ་གསབ་གློག་དྲ། དངོས་ཟོག་དྲ་རྒྱ་སོགས་རིགས་གསར་ཐོན་ལས་འཕེལ་རྒྱས་སུ་བཏང་སྟེ། ཧུར་ཐག་གིས་ཞིང་ཆེན་ཡོངས་ཀྱི་དམངས་གཉེར་དཔལ་འབྱོར་སྔར་ལས་འཕེལ་རྒྱས་སུ་གཏོང་བ་མངོན་འགྱུར་བྱེད་དགོས། ས་ཆ་སོ་སོ་དང་སྡེ་ཁག་སོ་སོས་ལས་ཀ་སླར་གསོ་བྱེད་པ་ནི་ལས་ཞུགས་གཏན་འཇགས་སུ་གཏོང་བ་དང་། ཐོན་ལས་སླར་གསོ་བྱེད་པ་ནི་དཔལ་འབྱོར་གཏན་འཇགས་སུ་གཏོང་བའི་འདུ་ཤེས་ཇེ་བརྟན་དུ་གཏོང་བ་དང་། ཞབས་ཞུ་ལེགས་བསྒྱུར་བྱེད་པ་དང་འགན་སྲུང་ཇེ་དྲག་ཏུ་གཏོང་བ། ཁེ་ལས་ཀྱི་དགོས་མཁོ་དང་རེ་སྒུག་ལ་རྐང་བཙུགས་ནས། གནད་ཕིགས་ཞབས་ཞུ་འདོན་སྤེལ་བྱེད་པ་དང་། དངོས་གཉེར་བྱེད་ཐབས་ལག་བསྟར་བྱེད་པ། ཁེ་ལས་ཀྱི་དཀའ་གནད་ཐག་གཅོད་པར་ཤུགས་འདོན་པ། དུས་ལྟར་འབྲེལ་ཡོད་སྲིད་ཇུས་དང་བྱེད་ཐབས་ལག་བསྟར་དང་ལེགས་སྒྲིག ཕྱིར་འདོན་པ། ཁེ་ལས་ཀྱིས་དཀའ་གནད་ཐག་གཅོད་པར་རོགས་བྱས་ནས། སྟོབས་ཤུགས་ཡོད་རྒུས་ལས་ཐོན་སླར་གསོ་དང་ཐོན་ཚད་ཚད་ལོངས་པར་སྐུལ་འདེད་གཏོང་དགོས་ཟེར།