ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་བསྡུས་པ་དང་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་།
2020.04.09 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 16

ཟླ་བཞི་བའི་ཚེས་བརྒྱད་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་བསྡུས་ཏེ། པྲོག་གསར་གློ་ཚད་རིམས་ནད་འགོག་བཅོས་བྱ་བ་དང་རྒྱལ་ཡོངས་ཀྱི་ལས་ཐོན་སླར་གསོའི་གནས་ཚུལ་གྱི་རྟོག་ཞིབ་ཡར་ཞུ་ལ་ཉན་པ་དང་། རྒྱལ་ཁབ་ཕྱི་ནང་གི་རིམས་ནད་འགོག་བཅོས་དང་དཔལ་འབྱོར་འཁོར་སྐྱོད་གནས་བབ་ལ་དབྱེ་ཞིབ་བྱས་ཤིང་། རྒྱུན་རྣམ་ཅན་གྱི་རིམས་ནད་འགོག་སྡོམ་བྱེད་ཐབས་དངོས་འབེབས་བྱས་པ་དང་ལས་ཐོན་སླར་གསོ་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བའི་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་བྱས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གྲོས་ཚོགས་ལ་འགོ་འཛིན་མཛད་དེ་གསུང་བཤད་གལ་ཆེན་གནང་།

ཞི་ཅིན་ཕིང་གིས་གསུངས་རྒྱུར། དེང་སྐབས་རང་རྒྱལ་གྱི་རིམས་ནད་འགོག་སྡོམ་གྱི་དུས་སྐབས་རང་བཞིན་གྲུབ་འབྲས་སྔར་ལས་སྲ་བརྟན་དུ་བཏང་ཞིང་ལས་ཐོན་སླར་གསོ་ཐད་ནས་འཕེལ་རིམས་གསར་བ་བྱུང་བ་དང་། དཔལ་འབྱོར་དང་སྤྱི་ཚོགས་འཁོར་སྐྱོད་སྒྲིག་ལམ་མྱུར་དུ་སླར་གསོ་བྱས། དེ་དང་མཉམ་དུ་རྒྱལ་སྤྱིའི་རིམས་ནད་རྒྱུན་མཐུད་སྒོས་རྒྱ་ཡན་དུ་འགྲོ་བ་དང་འཛམ་གླིང་གི་དཔལ་འབྱོར་ཇེ་སྡུག་ཏུ་འགྲོ་བའི་ཉེན་ཁ་ཚབས་ཆེན་དུ་འགྱུར་བཞིན་ཡོད་ལ། བརྟན་འཇགས་མིན་པ་དང་གཏན་འཁེལ་མིན་པའི་རྒྱུ་རྐྱེན་མངོན་གསལ་སྒོས་ཇེ་མང་དུ་འགྲོ་བཞིན་ཡོད། རང་རྒྱལ་དུ་རིམས་ནད་ཕྱི་ནས་ནང་ལ་མཆེད་པ་འགོག་སྲུང་བྱེད་པའི་གནོན་ཤུགས་སྔར་ལས་ཇེ་ཆེར་འགྲོ་བ་དང་ལས་ཐོན་སླར་གསོ་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་མདུན་དུ་དཀའ་ཁག་དང་འགྲན་རྩོད་གསར་བ་གནས་ཡོད། ཛ་དྲག་ཆེ་ཞིང་རྙོག་འཛིང་ལྡན་པའི་རྒྱལ་སྤྱིའི་རིམས་ནད་དང་འཛམ་གླིང་གི་དཔལ་འབྱོར་གནས་བབ་ལ་དམིགས་ཏེ། ང་ཚོས་ཚད་མཐའི་བསམ་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་། དུས་ཡུན་ཅུང་རིང་བར་ཕྱི་ཕྱོགས་ཁོར་ཡུག་གི་འགྱུར་ལྡོག་ལ་ཁ་གཏད་འཇལ་བའི་བསམ་བློ་གྲ་སྒྲིག་དང་བྱ་བའི་གྲ་སྒྲིག་བཟང་བོར་བསྒྲུབ་དགོས། རིམས་ནད་འགོག་སྡོམ་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་བྱ་བར་གཅིག་གྱུར་སྒོས་འཆར་འགོད་དང་སྐུལ་འདེད་བཏང་སྟེ་ཕྱི་ནས་ནང་ལ་མཆེད་པ་སྔོན་འགོག་དང་ནང་ནས་ཡང་བསྐྱར་འཕར་བ་གཏན་འགོག་བྱེད་པའི་བྱ་བ་ནམ་ཡང་ལྷོད་གཡེང་དུ་གཏོང་མི་རུང་ལ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་བྱ་བར་སྔར་ལས་ཤུགས་སྣོན་དགོས། རྒྱུན་རྣམ་ཅན་གྱི་རིམས་ནད་འགོག་བཅོས་ཁྲོད་དུ་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་ཁྱོན་ཡོངས་ནས་སླར་གསོ་བྱེད་པ་རྒྱུན་འཁྱོངས་བྱེད་པ་དང་། ལས་ཐོན་སླར་གསོའི་མདུན་དུ་ལྷགས་པའི་དཀའ་ཁག་དང་གནད་དོན་མྱུར་དུ་ཐག་གཅོད་དགོས་ལ། རིམས་ནད་ཀྱིས་བཟོས་པའི་གྱོང་གུད་ཆེས་དམའ་བའི་ཚད་དུ་ཇེ་དམའ་རུ་གཏོང་རྒྱུ་བརྩོན་ལེན་བྱས་ནས། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་མངོན་འགྱུར་བྱེད་པར་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པ་དང་དབུལ་ཐར་མཁྲེགས་གཏོར་ཐད་ནས་གྲུབ་འབྲས་ཆེན་པོ་ལེན་པའི་དམིགས་འབེན་དང་ལས་འགན་ཡོངས་འགྲུབ་བྱེད་རྒྱུ་འགན་སྲུང་བྱེད་དགོས་ཟེར།

ཚོགས་ཐོག་ནས་སྐམ་ས་དང་རྒྱ་མཚོའི་གྲུ་ཁའི་རིམས་ནད་འགོག་སྡོམ་བྱ་བར་ཤུགས་བསྣན་ཏེ་ཕྱི་ནས་ནང་ལ་མཆེད་པའི་ཞན་ཆ་དང་མི་འདང་ས་མྱུར་དུ་ཁ་གསབ་བྱེད་དགོས། མཐའ་མཚམས་གྲོང་ཁྱེར་གྱི་རིམས་ནད་འགོག་སྡོམ་མི་སྣ་དང་དངོས་རྫས་འགན་སྲུང་ཤུགས་ཚད་ཇེ་བཏང་སྟེ་འཕྲོད་བསྟེན་རིམས་ནད་ཞིབ་བཤེར་དང་རིམས་ནད་འགོག་བཅོས་དངོས་རྫས། སྨན་བཅོས་སྟོབས་ཤུགས། ལོགས་སུ་བཀར་བའི་ཆ་རྐྱེན་སོགས་ཕྱོགས་ཀྱི་དཀའ་ཁག་མཐུན་སྦྱོར་སྒོས་ཐག་གཅོད་བཟང་བོ་བྱེད་དགོས། རྒྱལ་ནང་དུ་ཡོང་བའི་མི་སྣ་ཡོངས་ལ་ཉིན་བཅུ་བཞིར་གཅིག་བསྡུས་ལོགས་དགར་བྱེད་པའི་རེ་བ་དངོས་འབེབས་ནན་མོ་བྱས་ནས། ཚད་མཐོན་པོའི་སྒོ་ནས་ཕྱི་ནས་ནང་ལ་མཆེད་པའི་ནད་པ་ཇེ་ཉུང་དུ་གཏོང་དགོས། རིམས་ནད་འགོག་སྡོམ་བྱེད་པའི་རྒྱལ་སྤྱིའི་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ་དང་ཧུར་ཐག་སྒོས་རྒྱལ་སྤྱིའི་རིམས་ནད་འགོག་བཅོས་མཉམ་ལས་ལ་ནུས་ཤུགས་འདོན་དགོས་པའི་རེ་བ་བཏོན།

ཚོགས་ཐོག་ནས་བསྟན་དོན། དེང་སྐབས་རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་ཐད་ཀྱི་དཀའ་ཁག་སྔར་ལས་ཇེ་ཆེར་འགྲོ་བཞིན་ཡོད་པས། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་དགོས་གལ་བསམ་པ་ཇེ་དྲག་ཏུ་གཏོང་བ་དང་། ཡུལ་བབ་དང་བསྟུན་ནས་རིམས་ནད་འགོག་བཅོས་བྱེད་ཐབས་ལེགས་སྒྱུར་དང་འཐུས་ཚང་དུ་གཏོང་བ་དང་། ཐབས་བརྒྱ་ཇུས་སྟོང་སྒོས་ལས་ཐོན་སླར་གསོར་ཕན་པའི་ཆ་རྐྱེན་གསར་སྐྲུན་བྱེད་དགོས་ལ། གོ་སྐབས་འཆོར་མེད་སྒོས་ཐོན་ལས་འཁོར་རྒྱུག་དང་ཚོང་རའི་འཁོར་རྒྱུག དཔལ་འབྱོར་དང་སྤྱི་ཚོགས་འཁོར་རྒྱུག་ཡོངས་སུ་བྱེད་ཐུབ་པར་བྱེད་དགོས། ལས་ཐོན་སླར་གསོའི་སྲིད་ཇུས་དངོས་འབེབས་ཤུགས་ཚད་ཇེ་ཆེར་གཏོང་བ་དང་། དཀའ་ཁག་ཅན་གྱི་ལས་རིགས་དང་ཁེ་ལས་འབྲིང་ཆུང་ལ་རོགས་སྐྱོར་བྱེད་པར་ཤུགས་སྣོན་དགོས་ལ། རྒྱལ་ནང་གི་དགོས་མཁོ་རྒྱ་བསྐྱེད་ཅིང་གོ་རིམ་ལྡན་པར་རིགས་སོ་སོའི་ཚོང་ཁང་དང་ཚོང་ར་སླར་གསོ་བྱེད་པར་སྐུལ་འདེད་གཏོང་བ་དང་། འཚོ་བའི་ཞབས་ཞུ་ལས་རིགས་རྒྱུན་ལྡན་སྒོས་ཚོང་གཉེར་བྱེད་པར་སྐུལ་འདེད་གཏོང་དགོས་པར་མ་ཟད། ཧུར་ཐག་སྒོས་སྡོད་དམངས་ཀྱི་འཛད་སྤྱོད་རྒྱ་བསྐྱེད་པ་དང་དངུལ་གཏོང་ལས་གཞིའི་འཛུགས་སྐྲུན་ལ་མྱུར་དུ་སྐུལ་འདེད་བཏང་ནས། མཁོ་འདོན་འཁོར་རྒྱུག་རྣམ་པ་ཆགས་པར་བྱེད་དགོས་ཟེར།

ཚོགས་ཐོག་ནས་བསྟན་དོན། བདེ་འཇགས་ཉེན་ཁའི་དོགས་ཟོན་བྱ་བ་སྣ་ཚོགས་དམ་འཛིན་བྱེད་དགོས། ཚེ་སྲོག་ཀུན་ལས་གཙོ་ཆེ་ཞིང་བདེ་འཇགས་བྱ་བ་དང་པོར་འཇོག་དགོས། ས་གནས་སོ་སོ་དང་ལས་ཁུངས་སོ་སོས་བདེ་འཇགས་ཐོན་སྐྱེད་ཀྱི་གཙོ་གཞིའི་འགན་འཁྲི་དང་ལེན་བྱེད་པ་དང་། བདེ་འཇགས་ཐོན་སྐྱེད་དང་ནགས་ཚལ་རྩྭ་སའི་མེ་འགོག་དང་ཆུ་འགོག་ཐན་སེལ་སོགས་ཀྱི་གནོད་འཚེ་འགོག་སྲུང་བྱ་བ་ཁྱོན་ཡོངས་ནས་བཟང་བོར་བསྒྲུབ་དགོས། རིགས་སོ་སོའི་བདེ་འཇགས་ཉེན་ཁར་ཞིབ་བཤེར་བྱེད་པ་དང་རིགས་སོ་སོའི་འཕྲལ་སྒྲུབ་ཇུས་གཞི་འཐུས་ཚང་དུ་གཏོང་བར་མ་ཟད་འཕྲལ་སྒྲུབ་ཐག་གཅོད་ནུས་པ་མཐོར་འདེགས་སུ་བཏང་ནས། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་འགན་སྲུང་བྱེད་དགོས་ཟེར།

ཚོགས་ཐོག་ནས་ད་དུང་དོན་དག་གཞན་དག་ལ་ཞིབ་འཇུག་བྱས།