མཚོ་སྔོན་ཞིང་ཆེན་ཏང་ཨུའི་ལྟེ་གནས་ཚན་ཁག་གིས་དམངས་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་སློབ་གསོ་ཉིན་མོའི་བྱ་འགུལ་སྤེལ།
2020.04.11 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 26

ཟླ་བཞི་བའི་ཚེས་བཅུ་ཉིན་གྱི་སྔ་དྲོ། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ལྟེ་གནས་ཚན་ཁག་གིས་ཞིང་ཆེན་རྒྱལ་ཁབ་བདེ་འཇགས་སློབ་གསོ་རྟེན་གཞི་ནས། དམངས་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་སློབ་གསོ་ཉིན་མོའི་བྱ་འགུལ་སྤེལ་བ་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་ཏང་ཨུའི་རྒྱལ་ཁབ་བདེ་འཇགས་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཅན་ཅུན་དང་། ཧྲིན་ཀྲང་། ཞིང་ཆེན་རྒྱལ་ཁབ་བདེ་འཇགས་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ལིའུ་ཉིང་། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་རྡོ་རྗེ་རབ་བརྟན་སོགས་ཞིང་ཆེན་ཏང་ཨུའི་ལྟེ་གནས་ཚན་ཁག་གི་ཁོངས་མི་རྣམས་ཐེངས་འདིའི་བྱ་འགུལ་སྟེང་ཞུགས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་ཏང་ཨུའི་རྒྱལ་ཁབ་བདེ་འཇགས་བྱ་བའི་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཨུ་ཡོན་ཡུས་ཚུང་ལི་ཡིས་བྱ་འགུལ་ལ་འགོ་འཛིན་བྱས།

བྱ་འགུལ་ཁྲོད་ཝང་ཅན་ཅུན་དང་ལིའུ་ཉིང་གིས་ཞིང་ཆེན་རིམ་པའི་ཚན་ཁག་གི་འགོ་ཁྲིད་བློ་མཐུན་རྣམས་ལ《གསང་བའི་འཐབ་ཕྱོགས་ཀྱི་ལོ་རྒྱུས—རྣམ་ཐར་བམ་པོ》ཞེས་པ་སྤྲད། ཞིང་ཆེན་ཏང་ཨུའི་ལྟེ་གནས་ཚན་ཁག་གི་ཁོངས་མིས་ཐུན་མོང་སྒོས་འགྲེམས་ཁུལ་ཚང་མའི་ནང་སོང་ནས་བདེ་འཇགས་སློབ་གསོའི་འགྲེམས་སྟོན་ལ་བལྟས། དེའི་རྗེས་ཞིང་ཆེན་ཏང་ཨུའི་ལྟེ་གནས་ཚན་ཁག་གི་ཁོངས་མི་རྣམས་གྱིས་མཉམ་དུ་རྒྱལ་ཁབ་བདེ་འཇགས་སློབ་གསོའི་ཆེད་དོན་གློག་བརྙན་ལ་བལྟས་ནས།  སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་རྒྱུན་འཁྱོངས་བྱ་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལ་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ནས། སེམས་ཁྲལ་གྱི་འདུ་ཤེས་སྔར་ལས་ཇེ་དྲག་ཏུ་གཏོང་བ་དང་། ཚད་མཐའི་བསམ་གཞིག་ལ་ཤུགས་སྣོན་པ། རྒྱལ་ཁབ་བདེ་འཇགས་དང་མི་དམངས་ཀྱི་འགོག་སྲུང་འཛིང་རགས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། རྒྱལ་ཁབ་ཀྱི་བདེ་འཇགས་ཉེན་ཁ་སྣ་ཚོགས་སྔོན་འགོག་དང་སེལ་བ་དང་། ཐག་གཅོད་བྱེད་པའི་ནུས་པ་དང་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱས།

ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་སྲིད་གཞུང་། ཞིང་ཆེན་སྲིད་གྲོས་བཅས་ཀྱི་དྲུང་ཡིག་ཆེན་མོ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་འབྲེལ་ཡོད་དྲུང་ཡིག་ཆེན་མོ་གཞོན་པ་བཅས་གོང་གསལ་བྱ་འགུལ་ལ་ཞུགས།

བན་དེ་སྐྱབས་ཀྱིས་བསྒྱུར།