ཝང་ཅན་ཅུན་གྱིས་མཚོ་བྱང་ཁུལ་མདོ་ལ་རྫོང་གི་བྱ་བར་རྟོག་ཞིབ་ལྟ་སྐུལ་མཛུབ་སྟོན་བྱས།
2020.04.22 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 17

ཟླ་བཞི་པའི་ཚེས་ཉི་ཤུ་ཉིན་ནས་ཉེར་གཅིག་ཉིན་བར། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཅན་ཅུན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདོ་ལ་རྫོང་དུ་བསྐྱོད་དེ། མདོ་ལ་རི་བོའི་རི་ཆུ་ནགས་གསུམ་དང་ཞིང་ས་མཚེའུ་རྩྭ་ཐང་བཅས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་སླར་གསོའི་ཚོད་ལྟའི་ལས་གཞིར་རྟོག་ཞིབ་བྱས་པ་དང་། ཀྲུང་དབྱང་དབུལ་ཐར་མཁྲེགས་གཏོར་གྱི་ཆེད་དོན་སྐོར་ཞིབ་ཀྱི“ཕྱིར་མིག་ལྟ་བ”དང་ཕན་འབྲས་དཔྱད་ཞིབ་ལས་རྙེད་པའི་གནད་དོན་དག་ཐེར་ལས་དོན་ལ་ལྟ་སྐུལ་མཛུབ་སྟོན་བྱས་ཏེ་ནན་གྱིས་བསྟན་དོན།  ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བྱས་ཏེ། སྐྱེ་ཁམས་སྲུང་སྐྱོབ་དང་སླར་གསོའི་ཚོད་ལྟའི་ལས་གཞི་ཏན་ཏིག་ངང་ཡག་པོ་སྒྲུབ་པ་དང་། དབུལ་ཐར་མཁྲེགས་གཏོར་ཐད་ནས་རྙེད་པའི་གནད་དོན་དག་ཐེར་ལ་དམ་འཛིན་ཏན་ཏིག་བྱེད་པ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དང་དབུལ་ཐར་མཁྲེགས་གཏོར་གྱི་ཚད་གཞི་ལོན་པའི་རྒྱུགས་ལན་ཡག་པོ་སྤྲོད་དགོས་ཟེར།

ཝང་ཅན་ཅུན་ཨ་རིག་ཞང་བཙོག་ཆུ་གཙང་སྒྱུར་བཟོ་གྲྭར་སོང་ནས། ཚོད་ལྟའི་འཁོར་སྐྱོད་གནས་ཚུལ་ལ་བལྟས་ཏེ་བསྟན་དོན།  ལས་གཞི་བཅོས་སྒྲིག་བྱས་པ་བརྒྱུད་མང་ཚོགས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་བྱེད་འདོད་ཀྱི་རང་རྟོགས་རང་བཞིན་ཆེ་རུ་བཏང་ནས། བསམ་བློའི་འདུ་ཤེས་དང་ཐོན་སྐྱེད། འཚོ་བ་སྐྱེལ་སྟངས་བཅས་ལ་སྔར་ལས་འགྱུར་ལྡོག་བཏང་སྟེ། སྐྱེ་ཁམས་བསམ་སྦྱོར་གྱི་གོམས་གཤིས་འཇགས་རྒྱུར་སྐུལ་འདེད་གཏོང་དགོས་ཟེར། མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་སྟག་སྣ་དགོན་དོ་དམ་སྲུང་སྐྱོང་ས་ཚིགས་སུ། ཆུ་ཁུངས་གསོག་བསྐྱིལ་དང་ས་ཆུ་སྲུང་འཛིན། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་སོགས་ཀྱི་གནས་ཚུལ་ལ་ཉན་པ་དང་། གསའ་དང་དྲེད་མོང་སོགས་ལྟ་ཞིབ་ཚད་ལེན་གྱི་བརྙན་རིས་ལ་བལྟས་པར་མ་ཟད། མི་དང་རང་བྱུང་ཁམས་ཀྱི་ཚེ་སྲོག་ལས་སྐལ་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ་དང་། དོ་དམ་སྲུང་སྐྱོབ་ཀྱི་སྒྲིག་གཞི་དང་ལམ་སྲོལ་གསར་གཏོད་བྱས་ནས། དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་ཆགས་པར་བྱེད་དགོས་པའི་བླང་བྱ་བཏོན། རྫ་དམར་སྐེད་ཆུ་ལམ་ཕྱོགས་བསྡུས་བཅོས་སྒྲིག་བཟོ་གྲྭ་སོགས་ཀྱི་ལས་ཡུལ་དུ། བཟོ་གྲྭ་འཛུགས་སྐྲུན་ལག་བསྟར་བྱས་ཚུལ་འདྲི་རྩད་བྱས་ཏེ། སྐྱེ་ཁམས་སླར་གསོ་དང་མཛེས་ལྗོངས་འཛུགས་སྐྲུན། ཁོར་ཡུག་སླར་གསོ། ཕུགས་ཕན་སྲུང་སྐྱོབ་བཅས་མཉམ་དུ་འཛིན་རྒྱུ་རྒྱུན་འཁྱོངས་ཀྱིས། རྗེས་མཐུད་དོ་དམ་ལ་ཤུགས་སྣོན་པ་དང་། བཅོས་སྐྱོང་ནུས་ལྡན་བྱ་རྒྱུར་སྐུལ་འདེད་གཏོང་དགོས་ཟེར། ཝང་ཅན་ཅུན་གྱིས་བསྟན་དོན། ཚོད་ལྟའི་གོ་སྐབས་དམ་འཛིན་དང་སྐྱེ་ཁམས་ཀྱི་འགན་འཁྲི་འཁུར་བ། རྒྱལ་ཁབ་སྤྱི་གླིང་གི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་གྱི་ལོ་གསུམ་ལག་བསྟར་དང་རྒྱལ་ཁོངས་ལྗང་སྒྱུར་སྲ་བརྟན་མཐོར་གཏོང་གི་ལོ་གསུམ་ལག་བསྟར་དང་ཟུང་འབྲེལ་བྱེད་པ། རི་ཆུ་ནགས་གསུམ་དང་ཞིང་ས་མཚེའུ་རྩྭ་ཐང་བཅས་ཁྱོན་ཡོངས་ནས་སྲུང་སྐྱོབ་དང་བརྒྱུད་རིམ་ལྡན་པའི་ངང་ཉམས་གསོ་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ། ལས་རིགས་ཀྱི་ཚད་གཞི་ལྟར་ཁོངས་གཏོགས་ཁུལ་གྱི་ནུས་པ་འདོན་སྤེལ་བྱེད་པ་བཅས་ཀྱི་ཐོག་ནས། སྐྱེ་ཁམས་དེ་རྒྱུན་སྲིང་བེད་སྤྱོད་ཀྱི་རྒྱུ་ནོར་ཞིག་ཏུ་འགྱུར་བར་བྱེད་དགོས། ཚོད་ལྟའི་ལས་གཞིའི་དམིགས་ཚད་ལས་འགན་ལ་དམ་པོར་དམིགས་ནས། རང་བཤེར་ལས་དོན་ཡག་པོ་སྒྲུབ་སྟེ་ཞན་ཆ་འཚོལ་བ་དང་ཞན་ཆ་གསབ་པ། མཐོར་འདེགས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ཕན་འབྲས་ཐོན་པ་དང་ཚོད་ལྟ་ཐུབ་པ། ཚད་གཞི་ཚོད་ལྟ་ཐུབ་པ་བཅས་བྱས་ནས། ཁྱད་ལྡན་བཟོ་གྲྭ་དང་སྤུས་ལེགས་བཟོ་བཀོད། དཔེ་སྟོན་བཟོ་སྐྲུན་བཅས་གཉེར་དགོས་ཟེར།

པའེ་དབྱང་ཀོའུ་སྡེ་བ་རུ། ཝང་ཅན་ཅུན་གྱིས་སྡེ་བའི་འཕྲོད་བསྟེན་ཁང་འཛུགས་སྐྲུན་ལ་རྟོག་ཞིབ་དང་དབུལ་ཐར་གཟི་བརྗིད་ཅན་གྱི་ཁྱིམ་ཚང་ལ་འཚམས་འདྲི་བྱས་པར་མ་ཟད།  ཀྲུང་དབྱང་དབུལ་ཐར་མཁྲེགས་གཏོར་གྱི་ཆེད་དོན་སྐོར་ཞིབ་ཀྱི“ཕྱིར་མིག་ལྟ་བ”དང་ཕན་འབྲས་དཔྱད་ཞིབ་ལས་རྙེད་པའི་གནད་དོན་དག་ཐེར་གྱི་གནས་ཚུལ་ལ་རྒྱུས་ལོན་བྱས་ཏེ་ནན་གྱིས་བསྟན་དོན།  དབུལ་ཐར་མཁྲེགས་གཏོར་ནི་ཆབ་སྲིད་ཀྱི་འགན་འཁྲི་གལ་ཆེན་ཞིག་ཡིན་པ་དང་། གནད་དོན་བཅོས་སྒྲིག་ནི་མིག་སྔའི་ལས་འགན་ཨང་དང་པོ་ཡིན་པས། ཏང་གིས་སྡེ་བར་དོ་དམ་བྱ་རྒྱུར་ཤུགས་སྣོན་པ་དང་། ཚད་གཞི་མཐོན་པོ་དང་བླང་བྱ་ནན་མོ་རྒྱུན་འཁྱོངས་བྱེད་པ། ཏང་རྩ་འཛུགས་ཀྱི་ཆབ་སྲིད་ཀྱི་ལེགས་ཆར་བརྟེན་ནས། དག་ཐེར་ལས་དོན་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས། ཏང་སྲིད་འགན་འཁྲི་མཉམ་འཁུར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། གནད་དོན་ཁྲིད་ཕྱོགས་སུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ཏེ། མི་དངལས་་དོན་གཉིས་ཀ་མཐོང་བ་དང་། ཞིབ་བཤེར་ངོ་མ་དང་ལེགས་བཅོས་ངོ་མ་བྱེད་པ། རྗེས་འདེད་ཕན་འབྲས་འདྲི་བ། སྒྲིག་སྲོལ་དང་ལམ་ལུགས་འཛུགས་པ་བཅས་ཀྱི་ཐད་འབད་བརྩོན་བྱས་ཏེ། གནད་དོན་དག་ཐེར་ཡོ་བསྲང་གི་ཕན་འབྲས་ཐོན་པར་ཁག་ཐེག་བྱེད་དགོས། གཅིག་གྱུར་འཆར་འགོད་དང་ཕྱོགས་ཡོངས་ལ་ལྟ་རྟོག་བྱེད་ཤུགས་ཆེ་རུ་བཏང་ནས། གནད་དོན་དག་ཐེར་དམ་འཛིན་ཡག་པོ་བྱ་རྒྱུ་དེ་མིག་སྔའི་ལས་དོན་ཁག་ཡག་པོ་སྒྲུབ་རྒྱུ་དང་ཟུང་འབྲེལ་བྱེད་པ་དང་། མངོན་གསལ་དོད་པའི་གནད་དོན་བཅོས་སྒྲིག་བྱ་རྒྱུ་དང་དབུལ་ཐར་མཁྲེགས་གཏོར་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་རྒྱུ་དང་ཟུང་འབྲེལ་བྱེད་པ། ཏང་ཀྲུང་དབྱང་གིས་ང་ཚོར་སྤྲད་པའི་ཆབ་སྲིད་ཀྱི་ལས་འགན་ཇི་མ་ཇི་བཞིན་ལེགས་འགྲུབ་བྱེད་པ་བཅས་བྱས་ནས། རྒྱལ་ཡོངས་དང་མཉམ་དུ་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སུ་སླེབས་རྒྱུར་འགན་ལེན་བྱེད་དགོས་ཟེར།

ཉི་མ་སྒྲོལ་མ་རྟོག་ཞིབ་བྱེད་པར་ཞུགས།

བན་དེ་སྐྱབས་ཀྱིས་བསྒྱུར།