མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ཆུ་དཔོན་དང་མཚོ་དཔོན་ལམ་ལུགས་བྱ་བའི་གྲོས་ཚོགས་ཟི་ལིང་ནས་བསྡུས།
2020.04.24 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 10

ཟླ་བཞི་བའི་ཚེས་ཉེར་གསུམ་ཉིན། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ཆུ་དཔོན་དང་མཚོ་དཔོན་ལམ་ལུགས་བྱ་བའི་གྲོས་ཚོགས་ཟི་ལིང་ནས་བསྡུས་ཤིང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་སྤྱིའི་ཆུ་དང་མཚོའི་དཔོན་པོ་ཝང་ཅན་ཅུན་ཚོགས་འདུར་ཞུགས་ནས་གཏམ་བཤད་དེ་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་དོན་འཁྱོལ་བྱེད་པ། དུས་ཀྱིས་མི་སྒུག་པའི་དགོས་གཏུགས་ཀྱི་བསམ་པ་དང་། གཙང་པོ་དང་མཚེའུའི་བདེ་འཇགས་སྲུང་སྐྱོབ་ཀྱི་འགན་འཁྲི་འཁུར་སེམས་བཅངས་ནས། གཙང་པོ་དང་མཚེའུ་ཡི་དོ་དམ་སྲུང་སྐྱོབ་ཀྱི་མཁྲེགས་གཏོར་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ཐོབ་པར་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་ཆུ་དཔོན་ལམ་ལུགས་དང་མཚོ་དཔོན་ལམ་ལུགས་ཀྱི་ལས་དོན་གཏིང་ཟབ་ཏུ་འགྲོ་རྒྱུར་མུ་མཐུད་སྐུལ་འདེད་གཏོང་དགོས་ཟེར། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་། ཞིང་ཆེན་སྤྱིའི་ཆུ་དང་མཚོའི་དཔོན་པོ་ལིའུ་ཉིའུ་གིས་གྲོས་ཚོགས་ལ་འགོ་འཛིན་བྱས།

ཝང་ཅན་ཅུན་གྱིས་བསྟན་དོན། ཆུ་དཔོན་ལམ་ལུགས་དང་མཚོ་དཔོན་ལམ་ལུགས་ཕྱོགས་ཡོངས་ནས་ཁྱབ་གདལ་གཏོང་རྒྱུ་ནི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་ནང་གནས་ཀྱི་བླང་བྱ་ཞིག་དང་། གཙང་པོ་དང་མཚེའུ་ཡི་བདེ་ཐང་སྲུང་སྐྱོབ་བྱེད་པའི་བྱ་ཐབས་ནུས་ལྡན་ཞིག ཆུའི་བཅོས་སྐྱོང་མ་ལག་འཐུས་སྒོ་ཇེ་ཚང་དུ་གཏོང་བ་དང་ཆུའི་བདེ་འཇགས་འགན་ལེན་བྱེད་པའི་ལམ་ལུགས་གསར་གཏོད་ཅིག་བཅས་རེད། མཚོ་སྔོན་ནི་ཆུ་ལ་བརྟེན་ནས་མིང་དུ་གྲགས་ཡོད། “རྨ་འབྲི་རྫ་གསུམ་འབྱུང་ཡུལ”དང་“ཀྲུང་ཧྭའི་ཆུ་མཛོད”ལ་བརྟེན་ནས་མཚོ་སྔོན་འཛམ་གླིང་གིས་ཤེས་རྟོགས་ཐུབ་པར་བྱས་པ་ལས་གཞན། མཚོ་སྔོན་འཛམ་གླིང་གི་ཕྱོགས་སུ་བསྐྱོད་ཐུབ་པར་བྱས་ཡོད་ཅིང་། ཆུ་ནི་མཚོ་སྔོན་གྱི་གསེར་གྱི་མིང་བྱང་ལྟ་བུ་ཡིན། ཆུའི་ཐོན་ཁུངས་སྲུང་སྐྱོབ་དང་ཆུའི་སྦགས་བཙོག་འགོག་བཅོས། ཆུའི་ཁོར་ཡུག་ལེགས་བཅོས། ཆུའི་སྐྱེ་ཁམས་སླར་གསོ་བཅས་ཀྱི་འགན་འཁྲི་ཡག་པོ་འཁུར་བ་དང་། མཚོ་སྔོན་གྱི་གསེར་གྱི་མིང་བྱང་བསྐྲུན་པའི་འགན་འཁྲི་གལ་ཆེན་འཁུར་བ། བྱ་སྤྱོད་ཧུར་ཐག་དང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་འཚོལ་ཞིབ་བྱེད་པའི་ཉམས་མྱོང་བཟང་པོར་བརྩིས་ནས། མཛེས་སྡུག་ལྡན་པའི་ཀྲུང་གོའི་མཚོ་སྔོན་གྱི་ལེའུ་གསར་པ་རྩོམ་དགོས། སྐྱེ་ཁམས་ཆུ་དང་བསྟུན་ནས་མཛེས་སྡུག་ལྡན་པར་གྱུར་ན། རྩ་ཆེའི་རྒྱུ་ནོར་ལ་གཅེས་སྤྲས་བྱེད་དགོས། ཆུ་ནི་སྐྱེ་ཁམས་ཀྱི་རྨང་གཞི་དང་མཚོ་སྔོན་གྱི་རིན་ཐང་ཆེ་ཤོས་དང་འགན་འཁྲི་ཆེ་ཤོས། མི་མངོན་པའི་སྟོབས་ཤུགས་ཆེ་ཤོས་བཅས་ཀྱི་རྨང་གཞི་ཡིན། “སྔོན་འགྲོ་གཅིག་དང་སྤུས་ལེགས”ཀྱི་འཐབ་ཇུས་དོན་འཁྱོལ་དང་། “དཔེ་སྟོན་ཞིང་ཆེན་ལྔ”འཛུགས་སྐྲུན་ལ་སྐུལ་འདེད། “དཔལ་འབྱོར་གྱི་རྣམ་པ་བཞ་”འཛུགས་སྐྲུན་བཅས་བྱས་ཏེ། ཆུའི་སྐྱེ་ཁམས་སྲུང་སྐྱོབ་ཨང་དང་པོར་འཇོག་པ་དང་། ཆུ་ལ་གཅེས་སྤྲས་གྲོན་ཆུང་དང་། ཆུ་ལ་དོ་དམ་དང་བཅོས་སྐྱོང་། ཆུ་སྲུང་སྐྱོབ་བྱེད་པ་བཅས་ཀྱི་འདུ་ཤེས་འཛིན་ཤུགས་ཆེ་རུ་གཏོང་བ། ཆུ་བོ་དང་མཚེའུ་ཡི་བདེ་ཐང་སྲུང་མཁན་ཡག་པོ་བྱེད་པ་བཅས་བྱས་ཏེ། ཆུ་དེ་མི་རིགས་ཁག་གི་མི་དམངས་ཀྱིས་དུས་གཏན་དུ་ལོངས་སུ་སྤྱོད་པའི་རྒྱུ་ནོར་དུ་འགྱུར་བར་བྱེད་དགོས། འཕེལ་རྒྱས་གཏོང་བར་རང་བྱུང་གི་ཆོས་ཉིད་ལ་བརྩི་སྲུང་བྱ་དགོས། ཆུ་ནི་མཚོ་སྔོན་སྐྱོང་བའི་སྲིད་དོན་ཆེན་པོ་ཡིན་པ་དང་ཆུ་ནི་འཕེལ་རྒྱས་ཀྱི་སྲོག་རྩ་ཡིན་པས། ཆུ་ལ་བརྟེན་ནས་གྲོང་ཁྱེར་གཏན་འཁེལ་དང་། ཆུ་ལ་བརྟེན་ནས་ས་ཆ་གཏན་འཁེལ་བྱེད་པ། ཆུ་ལ་བརྟེན་ནས་མི་གཏན་འཁེལ་བྱེད་པ། ཆུ་ལ་བརྟེན་ནས་ཐོན་སྐྱེད་གཏན་འཁེལ་བྱེད་པ་བཅས་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱས་ཏེ། རང་བྱུང་ཆོས་ཉིད་ལ་བརྩི་སྲུང་ཡོད་པའི་སྔོན་འགྲོའི་ཆ་རྐྱེན་འོག་ཏུ། འཕེལ་རྒྱས་ཀྱི་སྲོག་རྩ་ཕྱུང་ནས་གཙང་པོ་དང་མཚེའུའི་བདེ་འཇགས་སྲུང་སྐྱོབ་བྱས་ཏེ། མཚོ་སྔོན་གྱི་རྒྱུན་མཐུད་འཕེལ་རྒྱས་ལ་རྒྱུན་ཆད་མེད་པར་ཆུ་སྤྱོད་ཀྱི་འདེགས་སྐྱོར་དང་འགན་ལེན་བྱེད་དགོས། འཚོ་བར་ཆུ་དང་བསྟུན་ནས་འགྱུར་བ་བྱུང་ན། མི་དང་ཆུ་འཆམ་མཐུན་ཡོང་བར་སྐུལ་འདེད་གཏོང་དགོས། ཆུ་ནི་ཚེ་སྲོག་གི་འབྱུང་ཁུངས་ཡིན་ཞིང་། ཚེ་སྲོག་ཆུ་དང་བསྟུན་ནས་མི་རབས་ནས་མི་རབས་བར་མི་ཉམས་པ་དང་། འཚོ་བ་ཆུ་དང་བསྟུན་ནས་ཕུན་སུམ་ཇེ་ཚོགས་སུ་འགྲོ་བས། དྲིན་ཚོར་གྱི་སེམས་པ་དང་བཀུར་ཞིང་སྐྲག་པའི་སེམས་ཀྱིས་ཆུ་དང་ཚེ་སྲོག འཚོ་བ་བཅས་ལ་ལྟ་སྟངས་ཡང་དག་འཛིན་དགོས། ཆུ་དཔོན་དང་མཚོ་དཔོན་གྱིས་ཆུ་དང་འཆམ་མཐུན་གྱི་སྣེ་ཁྲིད་པ་དང་། སྙིང་རུས་ཆེན་པོ་དང་སྐུལ་འདེད་གཏོང་མཁན། ལག་ལེན་བྱེད་མཁན་བཅས་བྱས་ཏེ། མི་དང་ཆུ་འཆམ་མཐུན་གྱི་དར་སྲོལ་གསར་པར་སྣེ་ཁྲིད་བྱེད་དགོས། གཙང་པོ་དང་མཚེའུ་ལ་ཆུ་དང་བསྟུན་ནས་བཅོས་སྐྱོང་གི་ཆུ་ཚད་མཐོ་རུ་གཏོང་དགོས། གཙང་པོ་དང་མཚེའུ་བཅོས་སྐྱོང་བྱེད་པའི་སྲོག་ཤིང་ནི་ཆུ་ལ་ཐུག་ཡོད། མི་གཞི་རྩར་འཛིན་པ་དང་མིའི་དོན་དུ་བཅོས་སྐྱོང་བྱ་རྒྱུ་རྒྱུན་འཁྱོངས་དང་། དུས་རབས་གསར་པར་ཆུ་བཅོས་སྐྱོང་བྱེད་པའི་བྱེད་ཕྱོགས་དོན་འཁྱོལ་བྱས་ཏེ། སྟོད་རྒྱུད་དང་སྨད་རྒྱུད་གཅིག་གྱུར་འཆར་འགོད་དང་། མཚོ་ངོགས་དང་འགྲམ་ངོགས་མཉམ་འཛིན། རྩ་ལག་མཉམ་བཅོས་བཅས་བྱེད་ཐུབ་པར་བྱས་ཏེ། ཆུ་བོ་དང་མཚེའུ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་དགོས། “ཆུ་དཔོན་གཉིས”ནི་ཆུ་དང་བསྟུན་ནས་ཡོང་བ་ཞིག་ཡིན་པས་འགན་འཁྲི་འཁུར་དགོས། ཆུ་དཔོན་དང་མཚེའུ་དཔོན་གྱི“ཞྭ་མོ”གཉིས་ནི་གཟི་བརྗིད་ལྡན་ཞིང་འགན་འཁྲི་ཧ་ཅང་ལྕི་མོ་ཡིན། “ཞྭ་མོ”གྱོན་ན་དེ་བསྟུན་གྱི“ཁུར་པོ”ཁུར་ནས་ཆུའི་སྐྱེ་ཁམས་བདེ་འཇགས་ལ་འགན་འཁུར་དགོས་པ་དང་། མི་དམངས་ཀྱི་ཐོན་སྐྱེད་དང་འཚོ་བར་འགན་འཁུར་དགོས་ལ། མཛེས་སྡུག་ལྡན་པའི་མཚོ་སྔོན་ལ་འགན་འཁུར་དགོས་ཤིང་། སྐྱེ་ཁམས་ཀྱི་ཆུ་བོ་དང་ཤེས་རབ་ཀྱི་ཆུ་མཚོ། དཔེ་སྟོན་ཆུ་མཚོ། བདེ་སྐྱིད་ལྡན་པའི་ཆུ་དང་མཚེའུ་བཅས་འཛུགས་སྐྲུན་བྱེད་པར་རྒྱུད་རིམ་ལྡན་པའི་བསམ་གཞིགས་ཀྱིས་སྐུལ་འདེད་གཏོང་དགོས་ལ། ཞིང་ཆེན་ཡོངས་ཀྱི་ཆུ་དྭངས་གཙང་ལ་བློ་གྲོས་དང་སྟོབས་ཤུགས་འབུལ་དགོས་ཟེར།

ལིའུ་ཉིང་གིས་འགོ་འཛིན་གཏམ་བཤད་ཁྲོད་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ཁྲིད་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་ནན་ཏན་བྱེད་པ། མཚོ་སྔོན་ཆུ་རྒྱུད་ཀྱི་ཆུ་འགོར་བདག་སྐྱོང་ཡག་པོ་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་གལ་ཆེན་མཐའ་གཅིག་ཏུ་འཁུར་བ། གཙང་པོ་དང་མཚེའུསི་དོ་དམ་སྲུང་སྐྱོབ་ཀྱི་མཁྲེགས་གཏོར་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ཐོབ་པ་བཅས་བྱས་ནས། མི་དང་རང་བྱུང་ཁམས་འཆམ་མཐུན་ འཕེལ་རྒྱས་ཡོང་ཐུབ་པའི། གཙང་པོ་དང་མཚེའུའི་སྐྱེ་ཁམས་རྣམ་པ་གསར་པ་ཞིག་ཧུར་ཐག་ཆགས་པར་བྱེད་དགོས། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་དང་། ལྷུ་ཚིགས་ཞན་སར་དམིགས་ཏེ་གཙང་པོ་དང་མཚེའུའ་“གང་བྱུང་བཞི”རྒྱུན་རྣམ་ཅན་དང་ཚད་ལྡན་ཅན་དུ་འགྱུར་བར་རྒྱུན་མཐུད་ངང་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། རྨ་ཆུའི“གང་བྱུང་བཞི”དང་འབྲེལ་བའི་ཚར་གཅོད་དམག་འཐབ་ཡག་པོ་རྒྱག་པ། ཆུ་བོ་དང་མཚེའུ་དང་འབྲེལ་བ་ཡོད་པའི་སྒྲིག་འགལ་འཛུགས་སྐྲུན་དང་ཆུ་ལམ་ནས་ ཁྲིམས་དང་མི་མཐུན་པར་བྱེ་མ་འདོན་པ་སོགས་ཀྱི་གནད་དོན་མངོན་གསལ་ཅན་གཅིག་བསྡུས་ཐོག་བཅོས་སྐྱོང་བྱས་ནས། ཆུའི་ཐོན་ཁུངས་སྲུང་སྐྱོབ་ནུས་ལྡན་ཐུབ་པ་དང་། ཆུ་ཁོངས་དང་འགྲམ་ངོགས་སུ་ལྟ་སྐུལ་དོ་དམ་ནན་མོ་བྱེད་ཐུབ་པ། ཆུའི་སྦགས་བཙོག་ཁྱོན་ཡོངས་ནས་བཀག་སྡོམ་ཐུབ་པ། ཆུའི་ཁོར་ཡུག་ལེགས་བཅོས་མངོན་གསལ་ཐུབ་པ། ཆུའི་སྐྱེ་ཁམས་སླར་གསོ་མངོན་གསལ་ཐུབ་པ་བཅས་བྱེད་དགོས། རིམ་པ་སོ་སོའི་ཆུ་དཔོན་གྱིས་རང་འགན་གཙང་སྒྲུབ་དང་རང་འགུལ་ངང་འགན་འཁྲི་འཁུར་བ། ཆུ་སྲུང་འགན་འཁྲི་འཁུར་བ། ཆུ་སྲུང་འགན་འཁྲི་གཙང་སྒྲུབ་བཅས་བྱེད་དགོས། ས་གནས་དང་སྡེ་ཁག་སོ་སོས་རང་འགན་རང་འཁུར་དང་གཞོགས་འདེགས་དམ་ཟབ། མཐུན་སྦྱོར་མཉམ་འགུལ་བཅས་བྱས་ཏེ། འགན་འཁྲི་དོན་འཁྱོལ་ཐད་ནོར་འཛོལ་མེད་པ་དང་། ཕུགས་ཕན་དོ་དམ་སྲུང་སྐྱོབ་བར་མཚམས་མེད་པར་བྱེད་པ། ལྟ་ཞིབ་དཔྱད་ཞིབ་ཐད་ནོར་འཁྲུལ་མེད་པ། དྲིལ་བསྒྲགས་མཛུབ་ཁྲིད་ཐད་སྲུབས་ཀ་མེད་པ་བཅས་ཀྱི་འགན་ལེན་བྱས་ནས། གཙང་པོ་དང་མཚེའུའི་སྐྱེ་ཁམས་བཅོས་སྐྱོང་ལ་ཕན་འབྲས་སྔར་ལས་ཆེ་བ་ཐོབ་རྒྱུར་སྐུལ་འདེད་གཏོང་དགོས་ཟེར།

ཚོགས་ཐོག་ནས་ཞིང་ཆེན་རིམ་པའི་འགན་འཁྲི་ཡོད་པའི་གཙང་པོ་དང་མཚེའུ་ཡི་དཔོན་པོ་ལིས་ཅེ་ཞང་གིས《གཙང་པོ་དང་མཚེའུ་དོ་དམ་སྲུང་སྐྱོབ་ཀྱི་མཁྲེགས་གཏོར་དམག་འཐབ་ལ་རྒྱལ་ཁ་ལེན་རྒྱུའི་སྐོར་གྱི་གཏན་འབེབས》སྒྲོག་འདོན་བྱས་པ་དང་། ཞིང་ཆེན་རིམ་པའི་འགན་འཁྲི་ཡོད་པའི་གཙང་པོ་དང་མཚེའུ་ཡི་དཔོན་པོ་ཡན་ཅིན་ཧའེ་ཡིས་ཞིང་ཆེན་ཡོངས་ཀྱི་ཆུ་དཔོན་ལམ་ལུགས་དང་མཚོ་དཔོན་ལམ་ལུགས་ཀྱི་ལས་ཀའི་འཕེལ་རིམ་གནས་ཚུལ་ཁྱབ་བསྒྲགས་བྱས། ཞིང་ཆེན་གྱི་འགོ་ཁྲིད་ཝང་ཞའོ་དང་ཡུས་ཚུང་ལི། ཉེའོ་ཁྲིན་ཡོན་བཅས་ཚོགས་འདུར་ཞུགས། གྲོང་ཁྱེར་དང་ཁུལ་སོ་སོའི་སྤྱི་ཁྱབ་ཆུ་མཚོའི་དཔོན་པོ་རྣམས་ཀྱིས་གཏམ་བཤད་དང་ཡིག་ཐོག་གི་རྣམ་པའི་ཐོག་ནས་ལས་དོན་བསྒྲུབས་ཚུལ་སྙན་ཞུ་ཕུལ།

བན་དེ་སྐྱབས་ཀྱིས་བསྒྱུར།