ཟླ་བཞི་བའི་ཚེས་ཉེར་བཞི་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཁྱོན་ཡོངས་བཅོས་སྒྱུར་ཟབ་སྤེལ་བྱ་བའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བརྒྱད་པ་ཡུལ་དངོས་ལྟ་སྦྱོང་དང་གྲོས་ཚོགས་ཞིབ་འཇུག་ཟུང་འབྲེལ་གྱི་བྱེད་ཐབས་སྤྱད་དེ་བསྡུས་ཤིང་། ཚོགས་ཐོག་ནས་ཕྱོགས་བསྡུས་སྨན་བཅོས་ཀྱི་བཅོས་སྒྱུར་བྱ་བ་གཏིང་ཟབ་ཏུ་གཏོང་བ་དང་། སྤྱི་པའི་འཕྲོད་བསྟེན་འཕྲལ་སྡོམ་དོ་དམ་མ་ལག་འཐུས་སྒོ་ཇེ་ཚང་དུ་གཏོང་བ། མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ལམ་སྲོལ་གསར་པ་འཛུགས་པ་སོགས་ཀྱི་ལས་དོན་ལ་རྟོག་ཞིབ་དང་བཀོད་སྒྲིག་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་ཏང་ཨུའི་ཁྱོན་ཡོངས་བཅོས་སྒྱུར་ཟབ་སྤེལ་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཅན་ཅུན་གྱིས་ལྟ་སྦྱོང་བྱ་བར་ཞུགས་པ་དང་འབྲེལ་གྲོས་ཚོགས་ལ་འགོ་འཛིན་བྱས།
ཧྲིན་ཀྲང་། ཞིང་ཆེན་ཏང་ཨུའི་ཁྱོན་ཡོངས་བཅོས་སྒྱུར་ཟབ་སྤེལ་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ལིའུ་ཉིང་དང་། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཟི་ལིང་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་ཝང་ཞའོ། ཞིང་ཆེན་ཏང་ཨུའི་ཁྱོན་ཡོངས་བཅོས་སྒྱུར་ཟབ་སྤེལ་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་མགོན་པོ་བཀྲ་ཤིས་དང་ཐིན་ཅཱ་ཚའེ། ལིས་ཅེ་ཞང་། ཡན་ཅིན་ཧའེ། ཝང་ཡུས་ཡན། ཡུས་ཚུང་ལི། མ་ཅི་ཞའོ། དབྱིན་པའེ། ཝང་ལིས་མེན། ཐེན་ཅིན་ཁྲིན། ཧྲིན་ཀྲང་གཞོན་པ་ཁོང་ཡུང་བཅས་ཚོགས་འདུར་ཞུགས།
གྲོས་ཚོགས་ལས་ནན་གྱིས་བསྟན་དོན། མི་དམངས་ཀྱི་བདེ་ཐང་ལ་འགན་འཁུར་བའི་ཆབ་སྲིད་ཀྱི་འགན་འཁྲི་སེམས་ལ་བཅངས་ནས། སྤྱི་པའི་འཕྲོད་བསྟེན་འཕྲལ་སྡོམ་དོ་དམ་མ་ལག་འཛུགས་སྐྲུན་ལས་དོན་ཡག་པོ་སྒྲུབ་དགོས། ཆེད་ལས་དང་འགན་འཁྲིའི་དབར་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱེད་པ་དང་། ཚན་རིག་དང་ཆེད་ལས། རྒྱུན་ཤེས། ཤེས་བྱ་བཅས་ལ་མཐོང་ཆེན་བྱས་ནས། ཆེད་ལས་མི་སྣར་ཆེད་ལས་ཀྱི་བྱ་བ་སྒྲུབ་ཏུ་འཇུག་པ་དང་ཁྲིམས་ལྟར་ཚན་རིག་དང་མཐུན་ཞིང་གནད་ལ་འཁེལ་བའི་སྒོ་ནས་འགན་འཁྲི་སྒྲུབ་ཏུ་འཇུག་དགོས། གྲབས་གསོག་དང་མཁོ་སྤྲོད་དབར་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱེད་པ་དང་། ཡང་དག་པའི་གྲབས་གསོག་ལྟ་བ་དང་མཁོ་སྤྲོད་ལྟ་བ་འཛུགས་པ། གསོག་འཇོག་བྱེད་དགོས་ལ་བདེ་འཇགས་ལའང་མཐོང་ཆེན་བྱེད་པ་བཅས་ཀྱི་ཐོག་ནས། མཚོ་སྔོན་གྱི་དོན་དངོས་དང་ཟུང་འབྲེལ་གྱིས་གྲབས་གསོག་ལས་དོན་ཡག་པོ་སྒྲུབ་དགོས། ཆ་འཕྲིན་ཅན་དང་གྲོང་ཁྱེར་དང་གྲོང་རྡལ་ཅན་བར་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱེད་པ་དང་། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཉམས་མྱོང་ཕྱོགས་སྡོམ་དང་བེད་སྤྱོད་གཏོང་བ། ཚན་རྩལ་དང་ཆ་འཕྲིན། གཞི་གྲངས་ཆེན་མོ་བཅས་ལ་བརྟེན་པ། གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་འགྱུར་བར་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་བཏང་བར་བརྟེན་ནས། སྤྱི་པའི་འཕྲོད་བསྟེན་བཅོས་སྐྱོང་བྱེད་ནུས་དང་ཆུ་ཚད་མཐོ་རུ་གཏོང་དགོས། མཁྲེགས་ཆས་དང་མཉེན་ཆས་དབར་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱེད་པ་དང་། མཁྲེགས་ཆས་ཐད་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ། མཉེན་ཆས་ཐད་ཞན་ཆ་གསབ་པ་དང་སྐྱོན་ཆ་དང་ཞན་ཆ་ཆུང་རིགས་འགོག་པ། ཆུ་ཚད་དམའ་བའི་བསྐྱར་ཟློས་འཛུགས་སྐྲུན་སྔོན་འགོག་བྱེད་པ། ཆུ་ཚད་མཐོ་བའི་བསྐྱར་ཟློས་འཛུགས་སྐྲུན་སྔོན་འགོག་བྱེད་པ། གོམ་པ་རིམ་བགྲོད་དང་ནུས་པར་དཔགས་ནས་སྒྲུབ་པ། ལས་དོན་བཟང་བོ་བསྒྲུབ་པ་བཅས་བྱས་ཏེ་མི་རིགས་ཁག་གི་མང་ཚོགས་ལ་དུས་ཐོག་དང་ནུས་ལྡན་གྱི་འཕྲོད་བསྟེན་བདེ་ཐང་ཞབས་ཞུ་འགན་ལེན་བྱེད་དགོས་ཟེར།
གྲོས་ཚོགས་ལས་ནན་གྱིས་བསྟན་དོན། ཁ་གཏད་རོགས་སྐྱོར་གྱི་རིམ་པ་དང་ཆུ་ཚད་མཐོ་རུ་གཏོང་བ་དང་། ཤར་ནུབ་རྒྱུད་ཀྱི་དབུལ་སྐྱོར་རོགས་ལས་དང་མཚོ་སྔོན་ཁ་གཏད་རོགས་སྐྱོར་གྱི་སྲིད་ཇུས་གོ་སྐབས་གང་ལེགས་སྤྱད་དེ། ཐུགས་ཁུར་དང་སེམས་ཁུར། ཁྲོམ་རའི་ཆོས་ཉིད་བཅས་ཟུང་འབྲེལ་བྱས་ནས། གཉིས་རྒྱལ་གཉིས་ཕན་གྱི་རྣམ་པ་རྒྱ་ཆེར་གཏོང་དགོས། རོགས་སྐྱོར་གྱི་གཙོ་གནད་ཁྱབ་ཁོངས་གཏིང་ཟབ་ཏུ་བཏང་སྟེ། “སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས”ཀྱི་འཐབ་ཇུས་དང་། “དཔེ་སྟོན་ཞིང་ཆེན་ལྔ”འཛུགས་སྐྲུན། “དཔལ་འབྱོར་གྱི་རྣམ་པ་བཞི”གསོ་སྐྱོང་བཅས་ལ་དམིགས་ཏེ། ནང་གནས་སྒུལ་ཤུགས་དང་ཕྱིའི་སྟོབས་ཤུགས་ལ་བརྟེན་ནས་ཐུན་མོང་ཐོག་འཕེལ་རྒྱས་དང་ཐུན་མོང་ཐོག་ཡར་རྒྱས་ཡོང་བར་བྱེད་དགོས། དུས་རབས་གསར་པའི་ཁ་གཏད་རོགས་སྐྱོར་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་བ་དང་། སྤྱི་ཡོངས་རང་བཞིན་དང་མ་ལག་རང་བཞིན། མཐུན་སྦྱོར་རང་བཞིན། ཕན་ཚུན་གསབ་རེས་རང་བཞིན་བཅས་ཀྱི་ཐད་ཤུགས་སྣོན་རྒྱག་པ། བྱ་བ་ཡག་པོ་སྒྲུབ་པར་མུ་མཐུད་ཤུགས་སྣོན་རྒྱག་པ། ལས་ཀའི་ཕན་འབྲས་དངོས་ལ་བརྟེན་ནས་ཏང་ཀྲུང་དབྱང་ལ་དྲིན་ལན་འཇལ་བ། མཚོ་སྔོན་གྱི་ཁ་གཏད་རོགས་སྐྱོར་ཞིང་ཆེན་དང་གྲོང་ཁྱེར། ཀྲུང་དབྱང་རྒྱལ་ཁབ་ལས་ཁུངས་དང་ཁེ་ལས་བཅས་ལ་དྲིན་ལན་འཇལ་བར་འབད་དགོས་ཟེར།
ཚོགས་ཐོག་ནས《ཁ་གཏད་རོགས་སྐྱོར་བྱ་བའི་ལམ་སྲོལ་སྔར་ལས་གཏིང་ཟབ་ཏུ་གཏོང་རྒྱུའི་སྐོར་གྱི་བསམ་འཆར》དང་། 《མེ་ཟོན་མེ་འགོག་བྱ་བའི་ཁྲིམས་འཛིན་སྒྱུར་བཅོས་ལ་མགྱོགས་མྱུར་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར》། 《མཚོ་སྔོན་ཞིང་ཆེན་གྱི་རང་བྱུང་ནགས་ཚལ་སྲུང་སྐྱོབ་སླར་གསོའི་ལམ་ལུགས་ལག་བསྟར་ཇུས་གཞི》བཅས་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་།
བན་དེ་སྐྱབས་ཀྱིས་བསྒྱུར།