རྒྱལ་ཡོངས་ཀྱི་ནུས་ཁུངས་གཙང་མ་སྤྱད་དེ་གཉེར་སྐྱོང་བྱེད་པའི་གཞི་གྲངས་ཆེན་མོའི་ཐོན་ལས་དཔེ་སྟོན་རྟེན་གཞི་ཐོག་མ་སྟེ་མཚོ་ལྷོ་ཁུལ་གྱི་གཞི་གྲངས་ཆེན་མོའི་ཐོན་ལས་གླིང་དངོས་སུ་སྤྱོད་འགོ་བརྩམས།
2020.05.08 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 8

ཟླ་ལྔ་བའི་ཚེས་བདུན་ཉིན།མཚོ་ལྷོ་ཁུལ་གཞི་གྲངས་ཆེན་མོའི་ཐོན་ལས་ གླིང(དུས་ཐེངས་དང་པོ)སྤྱོད་འགོ་བརྩམས་པ་དང་། གཞི་གྲངས་ལྟེ་གནས་སྤྱོད་འགོ་ཚུགས་པའི་མཛད་སྒོ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཞི་གྲངས་ཆེན་མོའི་ཐོན་ལས་གླིང་དུ་བསྡུས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཅན་ཅུན་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལིའུ་ཉིང་། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲུང་ཡིག་ཆེན་མོ་ཡུས་ཚུང་ལི། ཧྲིན་ཀྲང་གཞོན་པ་ཝང་ལིས་མེན། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། མཚོ་ལྷོ་ཁུལ་ཏང་ཨུའི་ཧྲུའུ་ཅི་ཀྲང་ཝུན་ཁུའེ་བཅས་ཀྱིས་མཉམ་དུ་དྲ་འཇུག་སྒྲིག་ཆས་མནན།
ཝང་ལིས་མེན་གྱིས་གཏམ་བཤད་ཁྲོད་བཤད་རྒྱུར། གཞི་གྲངས་དཔལ་འབྱོར་འཕེལ་རྒྱས་ཤུགས་ཆེན་གཏོང་རྒྱུ་ནི་མཚོ་སྔོན་ཞིང་ཆེན་གྱིས་དཔལ་འབྱོར་ཚུལ་སྒྱུར་རིམ་སྤོར་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་བྱེད་པའི་འཐབ་ཇུས་ཀྱི་གོ་སྐབས་གལ་ཆེན་ཞིག་ཡིན་ལ། “སྔོན་འགྲོག་གཅིག་དང་སྤུས་ལེགས་གཉིས”ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ་དང་། ལྗང་མདོག་འཕེལ་རྒྱས་གཏོང་སྟངས་རིམ་སྤོར་གྱི་དམ་འཛིན་བྱ་གཞི་ནུས་ལྡན་ཞིག་ཀྱང་ཡིན་པས། མཚོ་སྔོན་ཞིང་ཆེན་གྱིས་སྐྱེ་ཁམས་སྲུང་སྐྱོབ་སྔོན་ལ་རྒྱུན་འཁྱོངས་བྱེད་པའི་བྱེད་ཐབས་གསར་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་གསར་པ། སྤུས་ཚད་ལེགས་པའི་འཚོ་བ་བསྐྲུན་རྒྱུའི་ཐབས་ལམ་གསར་པ་བཅས་སུ་འགྱུར་རྒྱུ་རེད། ཉེ་བའི་ལོ་ཤས་རིང་། མཚོ་ལྷོ་ཁུལ་གྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས། གཞི་གྲངས་དཔལ་འབྱོར་དེ་ནུས་ཁུངས་གཙང་མ་དང་མི་རིགས་ཀྱི་སྐད་ཡིག རིག་གནས་ཡུལ་སྐོར། དེང་རབས་ཀྱི་ཞིང་འབྲོག་ལས་བཅས་དང་མཉམ་འདྲེས་བྱས་ནས། མཚོ་སྔོན་གྱི་ཁྱད་ཆོས་དང་མཚོ་ལྷོའི་ཁྱད་ཆོས་ལྡན་པའི་གསར་གཏོད་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་དེ། གཞི་གྲངས་ཆེན་མོའི་བེད་སྤྱོད་དང་གཞི་གྲངས་དཔལ་འབྱོར་འཕེལ་རྒྱས་དེ་ཞིང་ཆེན་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད། མཚོ་ལྷོ་ཁུལ་གྱིས་ཡར་རྒྱས་བརྩོན་ལེན་དང་གསར་གཏོད་གསར་སྐྲུན། མཉམ་ལས་རྒྱ་ཁྱབ་བཅས་བྱས་ཏེ། ཡོངས་འཛིན་འཚོལ་བཤེར་མ་ལག་དང་ནུས་ཁུངས་གསར་པའི་གཞི་གྲངས་ཆེན་མོའི་རྟེན་གཞི་དེ་རྒྱལ་ཡོངས་སུ་ཤུགས་རྐྱེན་ཐེབས་ཤུགས་ཆེ་བ་དང་སྐུལ་ཁྲིད་ཀྱི་ནུས་པ་མངོན་གསལ་དོད་པའི“གཞི་གྲངས་གཤོང་ས”ཞིག་ཏུ་བསྐྲུན་ནས། ཞིང་ཆེན་ཡོངས་ཀྱི“ལྟེ་གནས་གཅིག་དང་རམ་འདེགས་གསུམ”གྱི་གཞི་གྲངས་དཔལ་འབྱོར་འཛུགས་སྐྲུན་ལ་རམ་འདེགས་བྱས་ཏེ། རང་ཞིང་གི་གཞི་གྲངས་ཐོན་ལས་དེ་རིམ་པ་སྔར་ལས་མཐོ་བ་དང་སྤུས་ཚད་སྔར་ལས་ལེགས་པའི་ཕྱོགས་སུ་བསྐྱོད་རྒྱུར་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད་ཟེར།

ཀྲང་ཝུན་ཁུའེ་ཡིས་ཤིས་ཚིག་འབུལ་སྐབས་བསྟན་དོན། ཆ་འཕྲིན་ལག་རྩལ་དང་གཞི་གྲངས་དཔལ་འབྱོར་དེ་དུས་རབས་གསར་པའི་མངོན་གསལ་དོད་ཤོས་ཀྱི་འཕེལ་རྒྱས་རྣམ་པ་དང་དེའི་འཚོ་བ་སྐྱེལ་སྟངས་ཤིག་ཏུ་གྱུར་ཡོད། མཚོ་ལྷོ་ཁུལ་གྱིས་རང་སྐྱོང་ཁུལ་གྱི་དྭངས་གཙང་ནུས་ཁུངས་གསར་པ་ས་ཆ་དེ་ག་ནས་བསྡུ་ཉར་གཞན་སྒྱུར་མི་འདང་བའི་གནད་དོན་ཐག་གཅོད་བྱ་རྒྱུར་གཞི་ཚུགས་ཏེ། ཧྭ་ཝེ་ཀུང་ཟིའི་ལག་རྩལ་འདེགས་སྐྱོར་སྟོབས་ཆེན་ལ་བརྟེན་ནས། གཞི་གྲངས་ཆེན་མོའི་ཐོན་ལས་གླིང་མཉམ་དུ་འཆར་འགོད་དང་འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེ། དྲ་སྦྲེལ་མཉམ་སྤྱོད་ཀྱི་ཆ་འཕྲིན་ཐོན་ལས་འཕེལ་རྒྱས་ཆེད་དུ། གཞི་གྲངས་གསོག་འཇོག་དང་གཅིག་སྡུད་ཞབས་ཞུའི་འདེགས་སྐྱོར་ཤུགས་ཆེན་མཁོ་འདོན་བྱས་ཡོད། གཞི་གྲངས་ཆེན་མོའི་ཐོན་ལས་འཛུགས་སྐྲུན་བྱ་རྒྱུ་ནི་སྦགས་བཙོག་མེད་པ་དང་ཐེག་ནུས་ཆེ་བ། སྤུས་ཚད་མཐོ་བ་བཅས་ཀྱི་ལྗང་མདོག་ཐོན་ལས་གསར་པ་འཕེལ་རྒྱས་གཏོང་བའི་ལག་ལེན་གྱི་འཚོལ་ཞིབ་ཅིག་ཡིན་པ་དང་མ་འོངས་པའི་ལམ་ཁ་ཧ་ཅང་རིང་པོ་ཡོད། ང་ཚོས་མཚོ་ལྷོའི་གཞི་གྲངས་ཆེན་མོའི་ཐོན་ལས་ཀྱི་སྡོང་ཕྲུག་དེ་མཚོ་སྔོན་གསར་པ་འཕེལ་རྒྱས་གཏོང་བའི་གནམ་སའི་ལྗོན་ཤིང་ཆེན་པོ་ཞིག་ཏུ་སྐྱེད་སྲིང་བྱས་ནས། རང་སྐྱོང་ཁུལ་གྱི་ལྗང་མདོག་འཕེལ་རྒྱས་ཀྱི་ལེའུ་གསར་པ་རྒྱུན་ཆད་མེད་པར་རྩོམ་ཐུབ་པར་ང་ཚོ་ལ་ཡིད་ཆེས་དང་ཆོད་སེམས་ཡོད་ཟེར།

འགོ་རྩོམ་མཛད་སྒོའི་སྟེང་ཐོན་ལས་གླིང་གི་བཅའ་སྡོད་ཁེ་ལས་ཀྱི་འཐུས་མིས་གཏམ་བཤད་སྤེལ་བ་དང་། མཚོ་ལྷོ་ཁུལ་གྱི་འབྲེལ་ཡོད་འགན་འཁུར་བས་གཞི་གྲངས་ཆེན་མོའི་ཐོན་ལས་གླིང་གི་གནས་ཚུལ་ངོ་སྤྲོད་བྱས།

མཚོ་ལྷོ་ཁུལ་གྱི་གཞི་གྲངས་ཆེན་མོའི་ཐོན་ལས་གླིང་ཁུལ་གྱི་འཆར་འགོད་རྒྱ་ཁྱོན་གྱིས་ས་མུའུ1200ཟིན་པ་དང་། དེ2017ལོའི་ཟླ11པར་འགོ་ཚུགས་ཤིང་། དེ་ནི་རྒྱལ་ཡོངས་ཀྱི་ནུས་ཁུངས་གཙང་མ་སྤྱད་དེ་གཉེར་སྐྱོང་བྱེད་པའི་གཞི་གྲངས་ཆེན་མོའི་ཐོན་ལས་དཔེ་སྟོན་རྟེན་གཞི་ཆེ་གྲས་ཤིག་ཡིན་པ་དེས། མཚོ་སྔོན་ཞིང་ཆེན་གྱི་ནུས་ཁུངས་གཙང་མ་རང་ས་རང་ཡུལ་ནས་གཙང་སེལ་བྱ་རྒྱུར་ཁྲོམ་ར་ཆེན་པོ་མཁོ་འདོན་བྱས་པ་དང་། གཞི་གྲངས་ཆེན་མོའི་ཐོན་ལས་དང་ནུས་ཁུངས་གཙང་མའི་ཐོན་ལས་ལྗང་མདོག་རྒྱུན་མཐུད་འཁོར་རྒྱུག་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་ཡོད། ཐོན་ལས་གླིང་གི་སྤེལ་ཐེངས་དང་པོའི་གཞི་གྲངས་ཆེན་མོའི་ལྟེ་གནས་ཀྱི་རྒྱ་ཁྱོན་གྱིས་སྨི་ངོས་སྙོམས་གྲུ་བཞི་མ5000ཟིན་པ་དང་། འཕྲུལ་ཆས་ཀྱི་སྒྲོམ་སྟེགས527ཡོད་ལ། ཚད་ལྡན་ཞབས་ཞུའི་ཡོ་བྱད8000ཤོང་ཐུབ་ཅིང་། དེ་ཡོད་པས་གཞི་ནས་རང་ཞིང་གི་རིག་ནུས་སྲིད་དོན་འཛུགས་སྐྱོང་དང་གཞི་གྲངས་ཆེན་མོའི་དཔལ་འབྱོར་འཕེལ་རྒྱས་ལ་བློས་འགེལ་ཆོག་པ་དང་། སྤུས་ལེགས་དང་བདེ་འཇགས་ཀྱིICTཆ་འཕྲིན་གྱི་རྨང་གཞིའི་སྒྲིག་བཀོད་འདེགས་སྐྱོར་དང་སྤྲིན་ཚོགས་ལས་སྟེགས་ཀྱི་ཞབས་ཞུ་མཁོ་འདོན་ཐུབ་པ། ཐོན་ཁུངས་གཅིག་གྱུར་ལ་སྐུལ་འདེད་གཏོང་ཐུབ་པ། རང་ཞིང་གི་གཞི་གྲངས་ཆེན་མོའི་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཐུབ།

བན་དེ་སྐྱབས་ཀྱིས་བསྒྱུར།